རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་ཡོད་པ།
2008.05.05
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ལྷན། བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་གྲོས་མོལ་ཞུས་པའི་རྗེས་སུ། རྒྱ་ནག་གཞུང་གི་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་ཆེད་རྩོམ་ཞིག་བརྒྱུད་ཏཱ་ལའི་བླ་མས་བོད་ནང་གདུག་རྩུབ་ཅན་གྱི་ནག་ཉེས་བསགས་ཡོད་པ་དང༌། ནག་ཉེས་དེ་དག་ལ་ངོས་ལན་མེད་པར་མུ་མཐུད་ཞལ་རྫུན་ཁྱབ་སྤེལ་གནང་བཞིན་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད། བོད་ནང་རྒྱ་ནག་གཞུང་གི་ལྟ་ཚུལ་སྤེལ་བྱའི་བརྒྱུད་ལམ་བོད་ལྗོངས་ཉིན་རེའི་གསར་ཤོག་གིས། རེ་གཟའ་ཟླ་བའི་ཉིན་སྤེལ་བའི་ཆེད་རྩོམ་དེའི་ནང་རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་མཆོག་གི་སྐུ་ཚབ་བར་གྱི་གྲོས་མོལ་གནང་བའི་ནང་དོན་གྱི་སྐོར་གནས་ཚུལ་གང་ཡང་གླེང་མེད་རུང་། ཆེད་རྩོམ་དེའི་ནང་༸གོང་ས་མཆོག་གིས་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་
བོད་ཀྱི་ས་ཁུལ་ལ་ཚད་ལྡན་གྱི་རང་སྲིད་རང་སྐྱོང་དགོས་པའི་དགོས་དོན་དེ། མ་འོས་པ་ཞིག་ཡིན་པ་དང་ཚད་ལྡན་གྱི་རང་སྲིད་རང་སྐྱོང་དང༌བོད་ཆེན་པོ་ཞེས་པའི་དགོས་དོན་དེ་དག་ཞལ་རྫུན་ཁྱབ་སྤེལ་གནང་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།།