རྒྱ་ནག་གིས་ཨ་ར་རིང་པོ་གསོག་མཁན་ཞིག་ལོ་དྲུག་རིང་བཙོན་འཇུག
2015.03.30
རྒྱ་ནག་གཞུང་གིས་ཝུ་གུར་མི་རིགས་ཨ་ར་རིང་པོ་གསོག་མཁན་ཞིག་ལོ་དྲུག་རིང་བཙོན་འཇུག་བྱས་པ་ནི་མི་འོས་བ་བཤད་འདུག
དེ་ཡང་བཙན་བྱོལ་དུ་ཡོད་པའི་རྒྱལ་ཡོངས་ཝུ་གུར་ཚོགས་པའི་མགྲིན་ཚབ་པ་Raxit ཡིས་། རྒྱ་ནག་གིས་ཝུ་གུར་མི་རིགས་ཨ་ར་གསོག་མཁན་ཞིག་ལ་ལོ་དྲུག་བཙོན་འཇུག་བྱེད་རྒྱུ་ཡིན་པ་བརྗོད་པ་དེ་ནི་ཝུ་གུར་མི་རིགས་དང་། ལྷག་པར་དུ་ཁ་ཆེའི་མི་རིགས་ལ་རྒྱུ་མཚན་མི་ལྡན་པའི་ཆབ་སྲིད་ཀྱི་ཐོག་ནས་སྡུག་སྦྱོང་བཏང་བ་ཞིག་ཡིན་པ་རེད་ཅེས་དང་། དོན་རྐྱེན་དེ་འདྲ་འཛམ་གླིང་རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུའང་ཡོང་མི་སྲིད་པ་ཞིག་དང་། ཁས་ལེན་ཡང་བྱེད་མི་ཐུབ་པ་ཞིག་རེད་ཅེས་AFP གསར་འགྱུར་བརྒྱུད་ལམ་དུ་དེ་རིང་གསལ་སྟོན་གནང་ཡོད་པ་རེད། ཡང་ཁོང་གིས་གལ་ཏེ་རྒྱ་མི་རིགས་ཨ་ར་རིང་པོ་ཡོད་མཁན་ཞིག་ཡིན་ན་དེ་ནི་སྒེར་གྱི་ངོས་ནས་བཟོ་ལྟ་དཔེ་གསར་བཟོས་པ་ཞིག་ཡིན་པ་རེད་ཅེས་བརྗོད་ནས་རང་དབང་གི་ཐོག་ནས་བདམས་ཁ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། གལ་ཏེ་ཝུ་གུར་མི་རིགས་ཤིག་གིས་དེ་ལྟར་བྱས་པ་ཡིན་ན་དེར་ཆོས་ཕྱོགས་ཀྱི་ཐོག་ནས་མཐར་ལྷུང་གི་བསམ་ཚུལ་འཛིན་མཁན་ཞིག་ཡིན་པའམ་དྲག་སྤྱོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག ཁ་ས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གཞོན་ནུའི་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཤིན་ཅང་གི་བྱེ་ཐང་ཁྲོད་ཀྱི་གྲོང་ཁྱེར་Kashgarནང་ལོ་གྲངས་༣༨་ལ་སླེབས་པའི་ཝུ་གུར་མི་རིགས་ཤིག་གིས་ཨ་ར་རིང་པོ་བཞག་པའི་ཉེས་བཙུགས་འོག་ལོ་དྲུག་བཙོན་འཇུག་བྱས་པ་དང་། ཁོང་གི་བཟའ་ཟླས་གདོང་འགེབས་གྱོན་པའི་རྐྱེན་གྱིས་ལོ་གཉིས་བཙོན་འཇུག་བྱས་པའི་སྐོར་གོང་ཞུས་གསར་ཤོག་ནང་གནས་ཚུལ་སྤེལ་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།