རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་དགོས་སྐོར་བཤད་བཞིན་པ་ནི་ཨ་རིའི་ཚོང་འབྲེལ་འཐབ་འཁྲུག་དང་འབྲེལ་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ཁག་མི་འབྱུང་ཆེད་ཁ་གཏད་གཅོག་ཐབས་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2025.04.10
རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་དགོས་སྐོར་བཤད་བཞིན་པ་ནི་ཨ་རིའི་ཚོང་འབྲེལ་འཐབ་འཁྲུག་དང་འབྲེལ་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ཁག་མི་འབྱུང་ཆེད་ཁ་གཏད་གཅོག་ཐབས་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག རྒྱ་དཀར་ནག་གི་ས་མཚམས། ༢༠༠༩།༡༡།༡༡
Photo: RFA

ཞི་ཅིན་ཕིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཉམ་དུ་མ་འོངས་པ་བསྐྲུན་རྒྱུའི་འབོད་སྐུལ་དེ་ནི། ད་ལྟའི་ཆར་ཕྱི་ཕྱོགས་ཀྱི་ཚོང་འབྲེལ་རྩོད་རྙོག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་ལམ་ཡར་རྒྱས་བཏང་བ་དེས་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་དཀའ་ངལ་སེལ་ཐབས་ཡིན་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག 

ཕྱི་ལོ་ ༢༠༢༥་ལོའི་ཕྱི་ཟླ་ ༤ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བའི་ཚོགས་འདུ་ཞིག་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་ཚོགས་ཏེ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་གིས་གུ་ཡངས་ངང་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འཆམ་མཐུན་མཉམ་འབྲེལ་ངང་མ་འོངས་པ་སྐྲུན་དགོས་པའི་གཏམ་བཤད་སྤེལ་ཡོད་པ་མ་ཟད། རྒྱ་ནག་གིས་མཐའ་འཁོར་གྱི་རྒྱལ་ཁབ་ཚོ་དང་མཉམ་དུ་ལས་དབང་གཅིག་མཐུན་འཛུགས་སྐྲུན་དང་། ཕན་ཚུན་ཡིད་ཆེད་དང་རྒྱབ་སྐྱོར་སྲ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་མི་མཐུན་པའི་ལྟ་ཚུལ་ཁག་ལ་གུ་ཡངས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཆུ་ཚད་མཐོ་བའི་མཉམ་ལས་དང་འབད་བརྩོན་ཤུགས་ཆེ་དགོས་པ་འགྲེལ་བརྗོད་བྱས་འདུག

གནད་དོན་དེའི་སྐོར་ལ་ལྷོ་ཀོ་རི་ཡའི་ཕིན་ཏེཀ་སི(Pyeongtaek-si)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་པཱར་ལའེ་(Parley Policy Initiative)ཉམས་ཞིབ་ལྟེ་གནས་ཁང་གི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་སློབ་སྟོན་པ་ནའེ་རཱ་རྗི་སིང་མཱ་ཧཱ་སི(Neeraj Singh Manhas)ལགས་ནས། ཞི་ཅིན་ཕིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཉམ་དུ་མ་འོངས་པ་བསྐྲུན་རྒྱུའི་འབོད་སྐུལ་དེ་ནི། ད་ལྟའི་ཆར་ཕྱི་ཕྱོགས་ཀྱི་ཚོང་འབྲེལ་རྩོད་རྙོག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་ཡིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་ལམ་ཡར་རྒྱས་བཏང་བ་དེས་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་དཀའ་ངལ་སེལ་ཐབས་ལ་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཕྱི་ཕྱོགས་ནས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་བཞིན་པ་ལས་སྲུང་སྐྱོབ་དང་། རྒྱ་ནག་གི་ནང་ཁུལ་གྱི་བརྟན་ལྷིང་ཆེད་ཁེ་ཕན་ཡོད་པས་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

ཞི་ཅིན་ཕིན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་འབྲེལ་བའི་གཏམ་བཤད་ནང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་གྲོས་མོལ་བྱེད་ཐབས་དང་། མཐའ་སྐོར་ནི་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་སྤྱི་ཡོངས་ཇུས་འགོད་བྱེད་པའི་གལ་གནད་ཡིན་པ་སོགས་བཤད་འདུག་ལ། ད་ལྟའི་ཆར་ཨ་རིའི་ཕྱོགས་ནས་ཚོང་འབྲེལ་འདྲ་མཉམ་ཞེས་རྒྱལ་ཁབ་མང་དག་ཅིག་གི་ཚོང་ཟོག་སྟེང་སྒོ་ཁྲལ་སྤར་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་དེ་ལ་མཐའ་མཇུག་བར་ཁ་གཏད་གཅོག་གི་ཡིན་ཞེས་བཤད་རྐྱེན། ཨ་རིས་རྒྱ་ནག་གི་ཚང་ཟོག་སྟེང་སྒོ་ཁྲལ་རྒྱ་ཆ་ ༡༢༥ བཀལ་ནས་ལག་བསྟར་དང་། རྒྱ་ནག་ངོས་ནས་དེ་ལ་ཡ་ལན་ཆེད་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ ༨༤ བཀལ་ཏེ་ཕྱོགས་གཉིས་བར་ཚོང་ཟོག་སྒོ་ཁྲལ་གྱི་འཐབ་འཁྲུག་ཅིག་མགོ་ཚུགས་ཡོད་པ་རེད་ལ། ཡང་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་སློབ་སྟོན་པ་ནའེ་རཱ་རྗི་སིང་མཱ་ཧཱ་སི(Neeraj Singh Manhas)ལགས་ནས་མུ་མཐུད། ད་ལྟའི་ཆར་རྒྱ་ནག་གིས་གལ་ཆེ་བའི་ཆ་ཤས་གཅིག་ནི་རྒྱ་ནག་གི་ཚོང་འབྲེལ་འབྲེལ་ལམ་རྣམ་པ་སྣ་ཚོགས་བཟོ་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་བ་ཤུགས་ཆེ་རུ་བཏང་བ་བརྒྱུད། རྒྱ་ནག་གིས་ཚོང་ར་གཙོ་བོ་ཉུང་ཤས་ལ་བརྟེན་པའི་རྣམ་པར་འགྱུར་བ་གཏོང་ཐབས་དགོས་རྒྱུ་དེ་ཡིན་པ་བཅས་བརྗོད་བྱུང་།

ཨ་རྒྱ་གཉིས་ཀྱི་ཚོང་ལས་འཐབ་རྩོད་དང་རྒྱ་ནག་གི་རྒྱལ་ནང་དཔལ་འབྱོར་ཉམ་རྒྱུད་སོགས་ལ་རྐྱེན་བྱས་ཏེ། རྒྱ་ནག་གིས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་དགོས་པའི་བྱེད་ཐབས་སྣ་ཚོགས་འདོན་བཞིན་པ་རེད་ལ། གསར་འགྱུར་རྒྱུད་ལམ་ཁག་ཅིག་ནས་རྒྱ་ནག་དང་ཉི་ཧོང་དང་། ལྷོ་ཀོ་རི་ཡ་བཅས་མཉམ་འབྲེལ་ངང་ཨ་རིའི་ཚོང་ཟོག་སྒོ་ཁྲལ་ལ་ཁ་གཏད་གཅོག་རྒྱུའི་འཆར་གཞི་ཡོད་སྐོར་བཀོད་པར། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རོའོ་ཏིར་སི་(Reuters)གསར་ཁང་གིས་གནས་ཚུལ་དེ་དང་འབྲེལ་ཉི་ཧོང་ཕྱོགས་ནས་དེ་ལྟ་བུའི་འཆར་གཞི་དང་གྲོས་བསྡུར་གང་ཡང་མེད་ཅེས་གསལ་བཤད་བྱས་ཡོད་པ་ལུང་འདྲེན་གྱིས་གནས་ཚུལ་བཀོད་ཡོད་པ་རེད་ལ། ཕྱི་ཟླ་ ༣ ནས་བཟུང་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཚོང་འབྲེལ་དང་དཔལ་འབྱོར་ཉམ་རྒྱུད་ལ་ཁ་གཏད་གཅོག་ཆེད་རྒྱ་གར་ལ་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད། མ་ཟད་ཕྱི་ཟླ་ ༤ ཚེས་ ༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་དཀར་ནག་གི་འབྲེལ་བ་དེ་སྔོན་དང་བསྡུར་ན་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། མུ་མཐུད་གནད་དོན་མང་པོ་ཞིག་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུར་ལྷག་ཡོད་པ་འགྲེལ་བརྗོད་གནང་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎