རྒྱ་གཞུང་ལ་བོད་མི་དང་ལས་མི་ཚོས་ངོ་རྒོལ་བྱེད་པའི་བློ་འཚབ།

རྒྱ་ནག་གི་ཡུལ་མི་ས་ཡ་མང་པོར་ལས་ཀ་མ་ཐོབ་པའི་དཀའ་ངལ་དང་བོད་མི་ཚོས་ངོ་རྒོལ་བྱ་རྒྱུའི་གནད་དོན་དེ་གཉིས་ཐོག་རྒྱ་གཞུང་ལ་བློ་འཚབ་ཡོད་པ།

2009.02.04

༄༅༎རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ཞིང་ཁུལ་ས་གནས་ནས་གྲོང་ཁྱེར་ནང་གནས་སྤོས་བྱེད་མཁན་ཡུལ་མི་ས་ཡ་མང་པོར་ལས་ཀ་མ་ཐོབ་པའི་དཀའ་ངལ་དང་རྒྱ་ནག་གི་དབང་སྒྱུར་ལ་བོད་མི་ཚོས་ངོ་རྒོལ་བྱ་རྒྱུའི་གནད་དོན་དེ་གཉིས་ལོ་འདིའི་ནང་རྒྱ་ནག་གི་ཉེན་རྟོག་པ་དང་སྤྱི་དམངས་བདེ་འཇགས་དཔུང་སྡེས་སེམས་ཚབས་ཡུལ་གྱི་གནད་དོན་གཙོ་བོ་གཉིས་ཆགས་ཡོད་པའི་སྐོར་ཁ་ས་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་འདུག

འཛམ་གླིང་གི་དཔལ་འབྱོར་ལ་ཉམ་རྒུད་ཆེན་པོ་བྱུང་བའི་རྐྱེན་གྱིས་དེང་སྐབས་རྒྱ་ནག་ནང་ཞིང་ཁུལ་ས་གནས་ཁག་ནས་ལས་ཀའི་གོ་སྐབས་འཚོལ་བར་གྲོང་ཁྱེར་ནང་ཡོང་མཁན་མི་དམངས་ས་ཡ་ཉི་ཤུ་ཙམ་ལ་ལས་ཀ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དེས་སྤྱི་ཚོགས་ནང་བརྟན་ལྷིང་མེད་པའི་གནས་སྟངས་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་གསལ་བཏོན་བྱས་ནས་ཉིན་གཉིས་ཕྱིན་པའི་མཚམས་དེར་མི་དམངས་ཉིན་རེའི་གསར་ཤོག་ནང་གོང་ཞུས་གནས་ཚུལ་དེ་བཏོན་ཡོད་པ་དང་གནས་ཚུལ་དེའང་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་ཕྱོགས་སྒྲིགས་བྱས་པའི་ཡིག་ཆའི་ཐོག་གཞི་བཞག་ཡོད་པ་རེད། རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་བཏོན་པའི་ཡིག་ཆ་དེའི་ནང་རྒྱ་ནག་ནང་གི་ལས་མི་མང་པོ་ཞིག་ལ་གླ་ཆ་དུས་ཐོག་མ་རག་པའི་དཀའ་ངལ་དེ་ཚོ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་ཁག་གིས་གང་མགྱོགས་སེལ་ཐབས་བྱ་དགོས་རྒྱུ་དང་གལ་ཏེ་ལས་མི་ཚོའི་དཀའ་ངལ་མ་སེལ་བ་ཡིན་ན་མང་ཚོགས་ཁྲོད་ཟིང་འཁྲུག་ལོང་རྒྱུའི་ཉེན་ཁ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་སྤྱི་བདེ་ལས་ཁང་གིས་བཏོན་པའི་ཡིག་ཆ་དེའི་ནང་བོད་རང་སྐྱོང་ལྗོངས་དང་དེའི་ཉེ་འཁོར་བོད་རིགས་གནས་སྡོད་བྱ་ཡུལ་གྱི་མངའ་ཁུལ་ཁག་གི་གནས་སྟངས་ཐད་རྒྱ་ནག་ལ་བློ་འཚབ་ཡོད་སྐོར་གསལ་བཏོན་བྱས་འདུག སྔ་ལོ་སུམ་བཅུའི་དུས་དྲན་ནས་བཟུང་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གི་དབང་སྒྱུར་ལ་བོད་མི་ཚོས་མི་འདོད་པའི་ཞི་བའི་ངོ་རྒོལ་གནང་བ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་མདོ་དབུས་ཁམས་གསུམ་ནང་རྒྱ་ནག་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ད་ལོའི་སུམ་བཅུའི་དུས་དྲན་ཟིན་པར་ཟླ་བ་གཅིག་ལྷག་ཙམ་ལས་མེད་པའི་སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་ཚོས་སླར་ཡང་ཞི་རྒོལ་བྱས་ཡོང་སྙམ་པའི་འཇིགས་སྣང་གིས་དེང་སྐབས་བོད་ཀྱི་ས་གནས་ཁག་ནང་རྒྱ་མིའི་དཔུང་དམག་ཕོན་ཆེ་འགྲེམས་འཇོག་དང་འབྲེལ་བོད་མི་ཚོར་ཉེས་མེད་ཉེས་འཛུགས་བྱས་པའི་ཐོག་ནས་འཛིན་བཟུང་དང་བསུན་རྩིར་ཆེན་པོ་བཟོ་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎