ལི་བི་ཡའི་ནང་རྒྱ་ནག་གི་འཛུགས་སྐྲུན་ལས་གཞིའི་གུན་གསབ།
2011.11.23
༄༅༎ལི་བི་ཡའི་གཞུང་གིས་ཡུལ་དེའི་ནང་རྒྱ་ནག་གཞུང་གི་འཛུགས་སྐྲུན་ལས་གཞིའི་གྱོང་གུན་ལ་ཁ་གསབ་བྱེད་སྲིད་པའི་སྐོར་རྒྱ་ནག་གཞུང་གིས་བརྗོད་ཡོད་འདུག
གཟའ་ལྷག་པའི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་ མགྲིན་ཚབ་པ་ལིའུ་འོད་མིང་གིས་ལི་བི་ཡའི་གཞུང་གི་དཔོན་རིགས་ནས་ཡུལ་དེའི་ནང་འཛུགས་སྐྲུན་ལས་གཞི་སྤེལ་མཁན་གྱི་རྒྱ་ནག་གི་འཛུགས་སྐྲུན་ཚོང་དོན་ལས་ཁང་ཚོར་ལི་བི་ཡའི་ནང་ཟང་ཟིང་གི་དོན་རྐྱེན་སྐབས་ཕོག་པའི་གྱོང་གུན་རྣམས་ཁ་གསབ་བྱ་རྒྱུར་བསམ་ཞིབ་བྱེད་བཞིན་པའི་སྐོར་བརྗོད་ཡོད་ལུགས་དང་ རྒྱ་ནག་གཞུང་གིས་ངོས་ནས་ལི་བི་ཡའི་གཞུང་གསར་པའི་གནང་ཕྱོགས་དེར་དགའ་བསུ་ཞུ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ལི་བི་ཡའི་ནང་འཁྲུག་རིང་ཡུལ་དེའི་ནང་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་པའི་རྒྱ་ནག་གི་འཛུགས་སྐྲུན་ཚོང་ལས་ཁང་ཚོར་གྱོང་གུན་ཆེན་པོ་ཕོག་ལུགས་བརྗོད་ཀྱི་ཡོད་པ་དང་ རྒྱ་ནག་གི་འཛུགས་སྐྲུན་ཚོང་དོན་ལས་ཁང་ཁག་གིས་ལི་བི་ཡའི་ནང་ད་དུང་ཡང་འཛུགས་སྐྲུན་ལས་གཞི་གན་རྒྱ་མང་པོ་ཞིག་ཡོད་མུས་ཡིན་ཞིང་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་འོད་མིང་གིས་རྒྱ་ནག་གཞུང་གིས་ལི་བི་ཡའི་གཞུང་གསར་པ་དང་ཐུན་མོང་འབད་རྩོན་གྱིས་རྒྱ་ནག་དང་ལི་བི་ཡའི་མཛའ་གྲོགས་ཀྱི་འབྲེལ་ལམ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཐབས་ཀྱིས་ལི་བི་ཡ་སླར་གསོའི་ལས་དོན་ནང་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་བཏོན་ཐུབ་པ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག