ཕེ་རན་སི་སྲིད་འཛིན་༸གོང་ས་མཆོག་མཇལ་རྒྱུར་རྒྱ་ནག་ངོ་རྒོལ།

རྒྱ་ནག་གཞུང་གིས་ཕེ་རན་སིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་འཆར་དེར་ཉེན་བརྡ་བཏང་ཡོད་པ་རེད།

2008.11.14

༄༅༎རེས་གཟའ་ཕུར་བུའི་ཉིན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་ནས་ཟླ་བ་རྗེས་མ་པོའོ་ལེན་ནང་ཚོགས་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་ཀྱི་སར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་པའི་སྐོར་ཕྱིར་བསྒྲགས་གནང་བའི་རྗེས་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཕེ་རན་སིའི་སྲིད་འཛིན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཚེ་དེས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་བཞིན་པ་དེར་གནོད་སྐྱོན་ཕོག་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་ཡོད་པ་རེད། གོང་ཞུས་རྒྱ་ནག་གཞུང་གིས་ཉེན་བརྡ་དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆིང་ཀང་གི་མིང་ཐོག་ནས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཕྱིར་བསྒྲགས་བྱས་ཡོད་ཅིང་དེའི་ཐོག་འཁོད་དོན་ལྟར་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་སུ་འདྲ་ཞིག་ཡིན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ཕེ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་བློ་འཚབ་ཆེན་པོ་བྱེད་སའི་གནད་དོན་དེའི་ཐོག་དགོངས་བཞེས་གནང་ཏེ་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྐོར་སོགས་འཁོད་ཡོད་པ་རེད། ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་བྱས་པར་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་བཏོན་ཡོད་པའི་ཁར་ཕེ་རན་སིའི་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་ཤུགས་ཆེ་བྱས་པ་སོགས་ཀྱིས་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ནས་རྒྱ་ནག་ནང་ཡོད་པའི་ཕེ་རན་སིའི་ཚོང་དོན་ཁེ་ལས་ཁག་ལ་རྒྱ་མི་ཚོས་གཏོར་རྒོལ་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎