ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀྱིས་སོ་ལྟ་གནང་ཕྱོགས་ཐད་གྲོས་མོལ།
2016.02.11

རྒྱ་ནག་གིས་ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སོ་ལྟ་གནང་ཕྱོགས་ཐད་གྲོས་མོལ་གནང་བར་སྐྱོན་བརྗོད་བྱས་འདུག
དེ་ཡང་རུཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་རྒྱ་གར་གཉིས་དབར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཟུང་འབྲེལ་སོ་ལྟ་སྐོར་གཡེང་གནང་ཕྱོགས་སྐོར་གྲོས་མོལ་གནང་བཞིན་ཡོད་པ་རེད།
དེ་རིང་ཚེས༡༡ཉིན་རྒྱ་ནག་གིས་དེའི་ཐད་སྐྱོན་བརྗོད་དང་སྦྲགས། མངའ་ཁུལ་དེའི་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་གནད་དོན་དེའི་ཐོག་ཐེ་བྱུས་བྱས་ཚེ། ཁུལ་དེའི་ཞི་བདེ་སྲ་བརྟན་ལ་ཉེན་ཁ་བཟོ་རྒྱུ་ཡིན་པའི་སྡིགས་ར་སྐུལ་འདུག
རུཡེ་ཊར་གསར་ལས་ཁང་གིས་གོང་ཞུས་གནད་དོན་སྐོར་གྱི་དྲི་བར། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Hong Leiཡིས། གློག་འཕྲིན་བརྒྱུད་ལན་འདེབས་བྱས་པའི་ནང། རྒྱལ་ཁབ་གསུམ་པ་ཞིག་ལ་སྡིགས་ནས་རྒྱལ་ཁབ་གཉིས་དབར་མཉམ་འབྲེལ་བྱས་ན་མི་འོས་པ་རེད་ཅེས་དང། འབྲེལ་ཡོད་མངའ་ཁུལ་གྱི་ཕྱི་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཚོས་མཚོ་འགྲུལ་གྱི་རང་དབང་བེད་སྤྱད་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་གྱི་ཤུགས་རྐྱེན་སྤྲོད་ཐབས་བྱས་ཚེ། དེས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་ཞི་བདེ་སྲ་བརྟན་ལ་གནོད་ཚབས་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་མི་རི་ཀས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་དང། ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གི་ལང་ཕྱོགས་དེ་གཅིག་བསྒྱུར་ཞིག་ཡོང་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པ་རེད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཕལ་ཆེ་བའི་ཐོག་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་ནའང། Brunei, Malaysia, Phillipines, ཐེ་ཝན། ཝེ་ཊི་ནམ་བཅས་ནས་ཀྱང་གླིང་ཕྲན་དེ་ཚོའི་བདག་དབང་རྩོད་ཀྱི་ཡོད་པ་རེད།
བདུན་ཕྲག་འདིའི་ནང་ཨ་མི་རི་ཀའི་རྒྱལ་སྲུང་དཔོན་རིགས་ཅིག་གིས་རུཡེ་ཊར་གསར་ལས་ཁང་ལ། ཨ་མི་རི་ཀ་དང་རྒྱ་གར་གཉིས་དབར་མཚོ་ཐོག་ཟུང་འབྲེལ་སོ་ལྟ་བསྐོར་གཡེང་གནང་རྒྱུའི་སྐོར་གྲོས་མོལ་གནང་ཡོད་པའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་སྐོར་ལའང་བཀའ་མོལ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་གཞིའི་ཐོབ་ཐང་མེད་ནའང། ལོ་ལྟར་མངའ་ཁུལ་དེ་བརྒྱུད་ཨ་སྒོར་ཐེར་འབུམ་ལྔ་ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་པའི་གྲུ་གཟིངས་ཀྱི་འགྲུལ་ལམ་ཐོག་ཨ་མི་རི་ཀར་བློ་འཚབ་ཡོང་གི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།