རྒྱ་ནག་གཞུང་གིས་སླར་ཡང་རྒྱ་གར་ལ་ཉེན་བརྡ་བཏང་འདུག
2017.04.05
༧གོང་ས་མཆོག་གི་རྒྱ་གར་ཨ་རུ་ན་ཅལ་ཁུལ་གྱི་ཆིབས་བསྒྱུར་དང་འབྲེལ་རྒྱ་ནག་གཞུང་གིས་སླར་ཡང་རྒྱ་གར་ལ་ཉེན་བརྡ་བཏང་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་ཨ་རུ་ན་ཅལ་ཁུལ་དུ་ཕེབས་འཇུག་བཞིན་པ་དེས་རྒྱ་དཀར་ནག་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་ལ་ཚབས་ཆེའི་དོ་ཕོག་ཐེབས་རྒྱུ་ཡིན་པ་རྒྱ་ནག་གིས་ཐེངས་མང་བརྗོད་བཞིན་པ་ལྟར། གཟའ་ལྷག་པ་ཕྱི་ཚེས་༥ཉིན་སླར་ཡང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ Hua Chunying ཡིས། ང་ཚོས་རྒྱ་གར་གཞུང་ལ་རྒྱ་ནག་གི་མཁེ་ཕན་ལ་གནོད་པའི་ནོར་འཁྲུལ་ཅན་གྱི་ཏཱ་ལའི་བླ་མའི་བྱ་སྤྱོད་བེད་སྤྱོད་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་བརྗོད་རྒྱུ་ཡིན་ཅེས་དང་། འདིས་རྒྱ་གར་ལ་ཕན་ཐོག་གང་ཡང་མེད་པར་མ་ཟད། རྒྱ་ནག་གི་ངོས་ནས་མངའ་དབང་གཅིག་འགྱུར་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ལས་དོན་གང་ཡང་ལག་བསྟར་བྱེད་རྒྱུ་ཡིན་ཅེས་བརྗོད་འདུག
ད་དུང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་དེས། རྒྱ་གར་གྱིས་རྒྱ་ནག་གི་སེམས་འཚབ་སྣང་མེད་དུ་བཞག་ནས་ཨུ་ཚུག་གིས་ཏཱ་ལའི་བླ་མ་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཡོད་པའི་ས་མཚམས་སུ་མཚམས་གཟིགས་གོ་སྒྲིག་བྱས་ཡོད་པ་དེས། རྒྱ་ནག་གི་ཁེ་ཕན་དང་ཡུལ་གྲུ་གཉིས་ཀྱི་ཕྱི་འབྲེལ་ལ་གནོན་སྐྱོན་ཚབས་ཆེ་བཏང་ཡོད་པས། རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག རྒྱ་ནག་ཏུ་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་Vijay Gokhale མཆོག་ལ་མི་དགའ་བའི་ངོ་རྒོལ་རྣམ་འགྱུར་སྟོན་ཆེད་དུ་འབོད་འགུགས་ཀྱང་བྱས་ཡོད་འདུག
ཡང་གསར་འགོད་པས་རྒྱ་ནག་གི་ལག་ལེན་གང་བསྟར་གྱི་ཡིན་མིན་སྐོར་བཅའ་འདྲི་བྱེད་དུས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མས་གསལ་པོ་གང་ཡང་མེད་པའི་ཐོག་རྒྱ་གར་གྱི་ཕྱོགས་ནས་ཏཱ་ལའི་བླ་མ་བེད་སྤྱོད་ཀྱིས་རྒྱ་ནག་གི་རྩ་དོན་དང་ཁེ་ཕན་ལ་སྣང་ཆུང་གཏོང་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་འཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་བ་ཡོད། རྒྱ་གར་གྱི་བྱ་ལས་དེས་ང་ཚོའི་རེ་འདུན་དང་འགལ་ཟླ་འགྲོ་གི་འདུག་ཅེས་བརྗོད་འདུག ཡིན་ན་ཡང་༧གོང་ས་མཆོག་གིས་རྒྱ་གར་གྱིས་སྐུ་ཉིད་རྒྱ་ནག་ལ་ཁ་གཏད་ཀྱི་ཆེད་དུས་ནམ་ཡང་བེད་སྤྱོད་གཏང་མྱོང་མེད་ཅེས་རྒྱ་གར་གྱི་གསར་འགོད་པར་བཅའ་འདྲི་བཀའ་ལན་གནང་ཡོད་པ་རེད།
གཟའ་མིག་དམར་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་ Kiren Rijijuམཆོག་གིས། རྒྱ་གར་གྱིས་རྒྱ་ནག་གི་ནང་སྲིད་ལ་དུས་ནམ་ཡང་ཐེ་ཇུས་བྱས་མེད་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་གུས་བརྩི་གནང་གི་ཡོད་པ་ལྟར། རྒྱ་ནག་གི་ངོས་ནས་ཀྱང་རྒྱ་གར་གྱི་ནང་སྲིད་གནད་དོན་ལ་ཐེ་ཇུས་མེད་པ་དང་ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ལ་ཡང་ངོ་རྒོལ་གནང་དགོས་དོན་མེད། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཆོས་ཕྱོགས་ཀྱི་མཛད་འཆར་ཁོ་ན་ཡིན་པས་དེ་ལ་ཆབ་སྲིད་ཀྱི་ལྟ་ཕྱོགས་འཛིན་ན་འགྲིག་གི་མེད་ཅེས་དང་། ཡང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་དགོས་མེད་ཀྱི་རྩོད་གཞི་བཟོ་རྒྱུ་མེད་པ་ནན་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་དེ་སྔོན་དང་མི་འདྲ་བ་ད་ཐེངས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལྷན་དུ་རྒྱ་གར་གྱི་བློན་ཆེན་ཞིག་མཉམ་ཕེབས་གནང་གི་ཡོད་པའི་གནད་དོན་དེ་མི་འདྲ་བ་ཞིག་ཆགས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
གཞན་ཡང་རྒྱ་ནག་གི་Global Time ཞེས་པའི་ནང་དཔྱད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་གར་གྱི་སྲིད་བློན་གོང་མ་རྣམས་དང་མི་འདྲ་བ་སྲིད་བློན་མོ་དྷིས་མཆོག་གིས་ཏཱ་ལའི་བླ་མའི་ཐོག་ལ་ལངས་ཕྱོགས་མི་འདྲ་བ་ཞིག་འཛིན་ནས་རྒྱ་ནག་གི་རྩ་དོན་ཐད་གདོང་ལེན་བྱེད་ཀྱི་ཡོད་པ་བརྗོད་འདུག
རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ཆ་ཤས་ཤིག་བོད་ཀྱི་ལྷོ་ཕྱོགས་ཞེས་འབོད་ཀྱི་ཡོད་ན་ཡང་རྒྱ་གར་གྱིས་ས་ཁུལ་དེ་ནི་རྒྱ་གར་དང་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་རྒྱ་ནག་གི་ལངས་ཕྱོགས་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།