རྒྱ་ནག་གིས་སླར་ཡང་༧གོང་ས་མཆོག་ལ་སྐྱོན་བརྗོད།
2016.06.27

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཉི་མའི་ཉིན། ཨ་མི་རི་ཀའི་གྲོང་ཁྱེར་སྤྱི་ཁྱབ་རྣམས་ལ་གསུངས་བཤད་དང་། ཨ་མི་རི་ཀའི་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་གྷ་གྷ་དང་མཇལ་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨ་མི་རི་ཀའི་མངའ་སྡེ་ལྔའི་ནང་གི་མཛད་རིམ་མཐའ་མ་དེ་ཨིན་ཊི་ཡ་ནའི་གྲོང་ཁྱེར་གཙོ་བོ་ཨིན་ཊི་ཡ་ན་པོ་ལི་སི་ནང་དུ། ཨ་མི་རི་ཀའི་གྲོང་ཁྱེར་སྤྱི་ཁྱབ་༣༠༠་ལྷག་ཙམ་གྱི་འདུ་འཛོམས་ཐོག་དྲག་སྤྱོད་ཅན་གྱི་འཛམ་གླིང་གི་ཁོར་ཡུག་ནང་སྙིང་རྗེ་དར་སྤེལ་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པའི་སྐོར་བཀའ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་གྷ་གྷ་དང་། ཚོང་པ་སྐུ་ཞབས་Philip Anschutz་མཉམ་
ཞུགས་ཐོག་སྤྱི་ཚོགས་ཁ་བྲལ་འགྲོ་གཞི་སོགས་ཀྱི་སྐོར་བགྲོ་གླེང་གནང་འདུག།
གནད་དོན་དེའི་ཐོག་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པས་རྒྱ་ནག་གི་མགྲིན་ཚབ་པར་དྲི་བ་བཏང་དུས་རྒྱ་ནག་གི་མགྲིན་ཚབ་པ་ Hong Lei་ཡིས། ༧གོང་ས་མཆོག་གིས་ཨ་མི་རི་ཀའི་ནང་གི་མཛད་རིམ་ཁག་གི་ཀུན་སློང་གང་ཡིན་པ་དེ་ངོས་འཛིན་བྱེད་དགོས་པ་དང་། དམིགས་ཡུལ་གཙོ་བོ་བོད་ཀྱི་རང་བཙན་གྱི་དམིགས་ཡུལ་སྒྲུབ་པའི་ཆེད་དུ་ཡིན་པའི་ཆ་ནས་མི་མང་རྣམས་ཀྱིས་དོན་དམ་གྱི་ཀུན་སློང་དེ་ཤེས་རྟོགས་དགོས་པའི་སྐོར་བཤད་འདུག
དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་བའི་སྔ་རྗེས་སུ་ཡང་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།