རྒྱ་ནག་གཞུང་གིས་བོད་ནང་རྒྱ་སྐད་སློབ་འཁྲིད་རྒྱ་བསྐྱེད་ཆེད་མི་བཟོས་རིག་ནུས་བེད་སྤྱོད་བྱེད་འགོ་བཙུགས་འདུག

2025.04.07
རྒྱ་ནག་གཞུང་གིས་བོད་ནང་རྒྱ་སྐད་སློབ་འཁྲིད་རྒྱ་བསྐྱེད་ཆེད་མི་བཟོས་རིག་ནུས་བེད་སྤྱོད་བྱེད་འགོ་བཙུགས་འདུག སི་ཁྲོན་ཞིང་ཆེན་གྱི་སློབ་གྲྭའི་ནང་དུ་རིག་ནུས་བེད་སྤྱོད་ཀྱིས་རྒྱ་སྐད་སློབ་ཁྲིད་བྱེད་བཞིན་པ།
iFLYTEK

རྒྱ་ནག་གཞུང་གིས་བོད་ནང་སློབ་གྲྭ་ཁག་ཏུ་མི་བཟོས་རིག་ནུས་བཀོལ་སྤྱོད་བྱས་ཏེ་རྒྱ་སྐད་སློབ་འཁྲིད་བརྒྱུད། བོད་ནང་རྒྱ་སྐད་གོང་སྤེལ་དང་བོད་ཕྲུག་རྒྱ་སྒྱུར་གྱི་ལས་གཞི་ཤུགས་ཆེར་སྤེལ་བཞིན་པ་ནི། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་སྐད་གོང་འཕེལ་དང་ལྟ་ཞིབ་དམ་དྲག་ཆེ་རུ་གཏོང་བའི་ཐབས་ལམ་གསར་ཤོས་ཤིག་ཆགས་ཡོད་པའི་བློ་འཚབ་གསལ་སྟོན་གནང་གི་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ཉིང་ཁྲི་ས་ཁུལ་ནི། རྒྱ་ནག་གཞུང་གིས་རྒྱ་སྐད་གོང་འཕེལ་གཏོང་ཆེད་རྒྱལ་ཡོངས་སྐད་ཡིག་འཕེལ་རྒྱས་ཀྱི་འཆར་གཞིའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་ཡོད་པ་ལྟར། བྱིས་གསོ་ཁང་དང་གཞི་རིམ་སློབ་གྲྭ་ཁག་ནང་ (iFLYTEK AI) ཞེས་པའི་མིའི་བཟོས་རིག་ནུས་ཀྱི་འཕྲུལ་ཆས་བེད་སྤྱོད་བྱེད་འགོ་བཙུགས་ཏེ། བོད་ཕྲུག་རྣམས་ལ་རིག་ནུས་འཕྲུལ་ཆས་བརྒྱུད་རྒྱ་ཡིག་ངོས་འཛིན་དང་སྒྲ་གདངས། དག་ཆ་སོགས་འབྲེལ་འདྲིས་ཅན་གྱི་སློབ་ཁྲིད་ཀྱི་མཐུན་རྐྱེན་སྦྱར་ཡོད་པ་དང་། འདི་ཚེས་ ༣ ཉིན་ས་གནས་རྒྱ་ནག་གི་ཤེས་ཡོན་ཚོགས་པའི་དྲུང་ཆེ་བློ་བཟང་དང་རྒྱ་ནག་གི་དཔོན་རིགས་ཁ་ཤས་ཤིག་ཉིང་ཁྲིའི་སློབ་གྲྭ་ཁག་ནང་ལྟ་སྐོར་དང་སྦྲགས། དགེ་རྒན་རྣམས་ཀྱིས་འགན་འཁུར་ནས་རྒྱ་ཡིག་སློབ་ཁྲིད་བྱེད་ཕྱོགས་གསར་གཏོད་དང་འབྲེལ་བའི་ཉམས་མྱོང་ཤེས་རྟོགས་ཇི་བྱུང་ཐད་གོ་རྟོགས་སྤེལ་དགོས་པའི་བཀོད་ཁྱབ་བཏང་འདུག

དེ་འབྲེལ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ (Takshashila Institution) ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཨ་ནུཤ་ཀཱ་སཀྶཻ་ནཱ་ (Anushka Saxena) ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་སློབ་གྲྭ་བརྒྱ་ཆ་ ༩༥ ནང་སློབ་འཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་རྒྱ་ཡིག་ཏུ་བསྒྱུར་ཟིན་ཡོད་ཀྱང་། ད་ཆ་མི་བཟོས་རིག་ནུས་ཀྱི་འཕྲུལ་ཆས་དེ་རིགས་བརྒྱུད་སློབ་གྲྭའི་ནང་རྒྱ་ཡིག་དེ་བས་བཙན་གྱིས་བཀོལ་སྤྱོད་བཅུག་བཞིན་པ་ནི་སྲིད་བྱུས་དེ་ཉིད་མགྱོགས་མྱུར་ལག་བསྟར་ཐུབ་ཆེད་ཡིན་པས་ཐུགས་སྣང་བྱ་དགོས་ཤིང་།  བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་བརྡ་དང་རིག་གཞུང་རྣམས་མི་རབས་ནས་མི་རབས་བར་བདག་ཉར་བྱ་ཐབས་དང་། ལྷག་པར་མི་བཟོས་རིག་ནུས་བེད་སྤྱོད་བྱས་པའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་སྒྱུར་སྲིད་བྱུས་ལ་ལྡོག་ཐབས་བྱ་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ཉམས་ཞིབ་པ་ཨ་ནུཤ་ཀཱ་ལགས་ཀྱིས། དོན་དངོས་ཐོག་ (iFLYTEK) ཡི་བདག་པོ་ (Liu Qingfeng) ནི་རྒྱལ་ཡོངས་མི་དམངས་མཐུན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཐུས་མི་ཡིན་པས། སྤྱིར་དེང་དུས་དང་མཐུན་པའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་། གཞི་རྩའི་རྒྱ་ནག་ནང་མི་མང་བལྟ་ཞིབ་འཕྲུལ་ཆས་བཟོ་བསྐྲུན་སོགས་ཀྱི་ཐད། རྒྱ་ནག་གཞུང་དང་ལག་འབྲེལ་བརྟན་པོ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོག་ལགས་ཀྱིས། སྤྱིར་བཏང་མི་བཟོས་རིག་ནུས་བེད་སྤྱོད་བྱས་པ་དེ་དེང་དུས་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་ཡིན་མོད། འོན་ཀྱང་དེའི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། ཕྱི་ལོ་ ༢༠༡༩ ཙམ་ནས་བོད་ཀྱི་སྐད་ཡིག་ཆེད་མཉེན་ཆས་བཟོ་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་ཏུ་རྒྱལ་ཁབ་སྤྱི་སྐད་བཀོལ་སྤྱོད་བྱ་ཆེད་རྒྱ་སྐད་ཁོ་ན་བསླབ་རྒྱུ་དང་། ད་ལྟའི་སྲིད་བྱུས་དང་འབྲེལ་ནས། བོད་སྐད་རྩ་གཏོར་བཏང་ནས་བོད་ཕྲུག་རྣམས་རྒྱ་སྒྱུར་གཏོང་བཞིན་ཡོད་པ་རྟོགས་ཐུབ་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་རྒྱ་ནག་གཞུང་གིས་ལོ་ཤས་ནས་བོད་ཀྱི་སྐད་ཡིག་གི་སྦྱོང་སྤྱོད་ལ་བཀག་སྡོམ་བྱ་རྒྱུའི་སྲིད་བྱུས་དམ་དུ་བཏང་ཡོད་པར། རྒྱལ་སྤྱིའི་ཚོགས་པ་ཁག་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་རྩ་མེད་དུ་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད།

ཉེ་ལམ་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ (‘White Paper on Human Rights in Tibet in the New Era’) བཏོན་པའི་ནང་། བོད་ནང་རང་དབང་སྡན་པའི་ཐོག་བོད་སྐད་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་དང་ལས་ཁུངས། དེ་བཞིན་སྤྱི་སྤྱོད་ས་ཆ་ཁག་ཚང་མར་བོད་སྐད་དང་རྒྱ་སྐད་གཉིས་ཀར་བརྩི་མཐོང་གཅིག་མཚུངས་བྱེད་བཞིན་ཡོད་ཚུལ་བསྒྲགས་པར། བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་དང་། བོད་ནང་གི་བོད་མི་རྣམས་ནས་ཡིག་ཆ་དེའི་ནང་བོད་ཀྱི་སྐད་ཡིག་ལ་བརྩི་མཐོང་བྱེད་ཚུལ་བཤད་པ་ནི་བདེན་པ་མིན་པ་དངོས་མཐོང་ལག་ཟིན་ཡིན་ཞེས་དགག་པ་བརྒྱབ་ཡོད་ལ། དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། མཐོ་སློབ་ཡིག་རྒྱུགས་སུ་བོད་ཡིག་མེད་པ་བཟོས་པ་སོགས་ཀྱི་གསལ་པོར་རྟོགས་ཐུབ་པ་ཡིན།

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུར་དམིགས་ཏེ་སྲིད་བྱུས་དམ་དུ་དུ་གཏོང་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༢༠ ནང་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ (Model 2 Education System) ཞེས་པ་གསལ་བསྒྲགས་བྱས་པའི་ཐོག བོད་ནང་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཚང་མའི་ནང་། སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་དེ་བོད་སྐད་ཚབ་ཏུ་རྒྱ་སྐད་དུ་བསྒྱུར་བ་དང་སྦྲགས། བོད་ཕྲུག་རྣམས་བཙན་དབང་གིས་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྐད་སློབ་ཁྲིད་གཙོ་བོ་བྱས་པ་ཙམ་མིན་པར། བོད་པའི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འཁྱེར་སོ་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ཅན་དུ་བསྒྱུར་བྱེད་བཞིན་ཡོད། དེ་མ་ཟད་རྒྱ་ནག་གི་བོད་ཨ་མདོ་རྔ་བ་ཀིརྟི་མགོན་དང་། མཛོད་དགེ་ནང་ལྷ་མོ་ཀིརྟི་མགོན་པའི་སློབ་གྲྭ་བཙན་དབང་འོག་སྒོ་བརྒྱབ་སྟེ། གྲྭ་ཕྲུག་ཁྱོན་ ༡༦༠༠ ལྷག་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༢༣ ནང་རྒྱ་ནག་གིས་མཐོ་རྒྱུགས་སློབ་བསྡུའི་ཡིག་རྒྱུགས་དེ་སྔ་བོད་ཀྱི་སྐད་ཡིག་ཐོག་བཏང་ཆོག་པ་དེ་མེད་པ་བཟོས་ཏེ། རྒྱ་ཡིག་ཁོ་ནའི་ནང་ཡིག་རྒྱུགས་ལ་ཞུགས་བྱེད་དགོས་པའི་སྒྲིག་གཞི་གསར་པ་གཏན་འབེབས་བྱས་པ་སོགས་བརྒྱུད་བོད་ཀྱི་སྐད་ཡིག་རྩ་གཏོར་གྱི་སྲིད་བྱུས་རིམ་པ་སྤེལ་བཞིན་ཡོད།

རྩ་བའི་ (iFLYTEK) ཞེས་པ་ནི་ ༡༩༩༩ ལོར་རྒྱ་ནག་ཨན་ཧུའི་ (Anhui) ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་མི་བཟོས་རིག་ནུས་ཀྱི་ཚོང་གཉེར་ཁང་ཆེ་གྲས་ཤིག་ཡིན་པ་དང་། ད་བར་སློབ་ཁྲིད་བཀོལ་སྤྱོད་ཀྱི་འཕྲུལ་ཆས་རྣམས་རྒྱ་ནག་གི་གྲོང་ཁྱེར་ ༢༡ ལྷག་ནང་སློབ་གྲྭ ༡༦༠༠ ནང་བཀོལ་སྤྱོད་བྱས་ཏེ། སློབ་ཕྲུག་ཁྱོན་ས་ཡ་ ༡་༥ ལྷག་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ཤེས་ཡོན་སྡེ་ཚན་དང་སློབ་གྲྭའི་ཉིན་རེའི་སློབ་ཚན་ཙམ་མིན་པར། སློབ་གྲྭ་གྲོལ་རྗེས་ཀྱི་ཞབས་ཞུའི་སྡིངས་ཆ་ཞིག་ཀྱང་བཟོ་བསྐྲུན་བྱས་ཡོད་འདུག

ཨ་རིའི་གཞུང་གིས་ (iFLYTEK) ནི་ཕྱི་ལོ་ ༢༠༡༩ ལོར། ཤིན་ཅང་ནང་གི་མི་མང་ལ་བལྟ་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ནག་ཉེས་འོག་བཀག་སྡོམ་བྱས་ཡོད་པ་རེད་ལ། སྤྱིར་འདི་ལོར་རྒྱ་ནག་གཞུང་གི་ཤེས་ཡོན་ལྷན་ཁང་གིས་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་དང་མི་བཟོས་རིག་ནུས་སྐོར་རྒྱབ་ཤ་དཀར་པོའི་དེབ་ཞིག་འདོན་འཆར་དང་སྤྱིར་རྒྱལ་ཡོངས་ཀྱི་དྲ་རྒྱའི་སྐད་ཡིག་དང་ཡིག་གཟུགས་འགྲེམས་སྟོན་ཁང་འཛུགས་འཆར་ཡོད་པའི་སྟེང་། ཕྱི་ལོ་ ༢༠༣༥ ནང་ཚུད་ལ་འཛམ་གླིང་གི་མི་བཟོས་རིག་ནུས་ཀྱི་སྡིངས་ཆའི་སྟེང་། རྒྱ་ཡིག་གི་ངོ་བོ་གཞི་རྒྱ་ཆེ་རུ་བཏང་འཆར་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎