རྒྱ་ནག་གིས་བོད་ནང་གནའ་རྫས་སྔོག་འདོན་བརྒྱུད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བསྒྲགས་པ་ནི་ལོ་རྒྱུས་འཁྱོག་བཤད་བྱ་ཚུལ་གསར་པ་ཞིག་ཡིན་ཞེས་གནད་དོན་དབྱེ་ཞིབ་པས་གསུང་གི་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༥ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
རྒྱ་ནག་གིས་གནའ་རྫས་ལ་ཁུངས་གཏུག་ཁུལ་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བསྒྲགས་པར་གནད་དོན་དབྱེ་ཞིབ་པས་ལོ་རྒྱུས་ཐོག་བོད་རྒྱ་གཉིས་དཔལ་ཡོན་ཁག་ཁག་ཡིན་པ་མ་ཟད། གནའ་རྫས་སྔོག་འདོན་བརྒྱུད་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་ཐབས་མེད་པ་གསུང་གི་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་རིག་དངོས་སྲུང་སྐྱོབ་ཀྱི་བསྟི་གནས་ཁང་(Institute for the Protection of Cultural Relics) ཟེར་བས་ཕྱི་ཟླ་ ༤ ཚེས་ ༩ ཉིན། ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་བོད་ནང་མནའ་རྫས་སྔོག་འདོན་ལས་གཞིའི་སྙན་ཐོ་དང་འབྲེལ་བའི་ཚོགས་འདུ་བསྐོང་ཚོགས་ཀྱིས། རྒྱ་ནག་གི་གནའ་རྫས་ (Archaeological China) ཞེས་པའི་ལས་གཞི་འོག་བོད་ནང་གདོད་མིའི་མིའི་རིགས་ཀྱི་འབྱུང་ཁུངས་དང་གནས་སྤོ། སྤྱི་ཚོགས་གྲུབ་ཚུལ། གནའ་རྫས་རྟོག་ཞིབ་དང་བོད་ཀྱི་རྗེས་ཤུལ་ཞིབ་འཇུག་སོགས་གནད་དོན་མི་འདྲ་བའི་སྐོར། བོད་ཀྱི་ས་གནས་བདུན་ནང་སྤེལ་ཡོད་པའི་སྐོར་བསྒྲགས་པ་མ་ཟད། མཐའ་སྡོམ་དུ་བོད་ནང་གནའ་རྫས་སྔོག་འདོན་ལས་གཞི་བརྒྱུད་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བསྒྲུབས་ཐབས་བྱས་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གིས་ཐབས་ཤེས་ཡོད་རྒུལ་རྩལ་སྤྲུགས་བྱས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་ཐབས་དེ་སྔ་ནས་བྱེད་ཀྱི་ཡོད་ཀྱང་། ཉེ་ལམ་འབུར་དུ་ཐོན་ནས་ཐབས་ཤེས་བྱེད་བཞིན་པ་ཞིག་ནི། དངོས་རྫས་རྟག་ཞིབ་བྱས་པའི་ཐོག་གནའ་རྫས་མཚུངས་བསྡུར་བྱས་ནས་འདྲ་བོ་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་བཤད་ཚུལ་གསར་པ་ཞིག་སྟོན་གྱི་ཡོད་ནའང་། དོན་དངོས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་ཐབས་མེད་པས། ཁྱོག་བཤད་བྱས་པ་ཚང་མ་ཁ་གཡར་བ་ཙམ་རེད་ཅེས་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དབང་སྒྱུར་འོག་བོད་ཀྱི་སྤྱི་ཚོགས་འདི་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་མང་དག་སྤེལ་བའི་ནང་གི་རིམ་པ་ཅིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ན་རུ་རྟེན་གཞི་བྱས་པའི་ (OP Jindal Global University) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཤྲི་པར་ན་པ་ཋག་ (Sriparna Pathak) ལགས་ཀྱིས། “རྒྱ་ནག་གཞུང་གིས་བོད་ནང་གནའ་རྫས་སྔོག་འདོན་ཟེར་བའི་སྲིད་བྱུས་འོག་བོད་དེ་ནག་གསུབ་བཏང་ཐབས་བྱེད་བཞིན་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ལ་ལོ་ངོ་ ༥༠ ལྡན་པའི་ལོ་རྒྱུས་ཡོད་སྐོར་བཤད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྱུང་རིམ་དང་མཐུན་གྱི་མེད་ཅིང་། སྲིད་བྱུས་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་དེ་བཞིན་འཛམ་གླིང་ནང་ལོ་རྒྱུས་རྙིང་ཤོས་ཡོད་ཚུལ་བརྗོད་བཞིན་པ་ནི་འཛམ་གླིང་ནང་རྒྱལ་ཁབ་ཆེས་མཐོ་ཤོས་ཡིན་པའི་རྣམ་པ་བསྐྲུན་ཆེད་དུ་ཡིན། དེ་ཡིན་ཚུལ་གྱི་དཔེ་ཞིག་ནི། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ (Cui Tiankai) ལགས་ཀྱིས་བཅར་འདྲི་ཞིག་གི་ཞོར་དུ། རྒྱ་ནག་གི་དཔལ་ཡོན་ནི་ལོ་ངོ་ ༥༠༠༠ ལྡན་པའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཡིན་པ་དང་ཨ་རི་ལས་ཀྱང་ཧ་ཅང་རྙིང་བ་ཡིན་པས། རྒྱལ་ཁབ་གཉིས་དབར་དང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་དེ་གཅེན་པོ་རྒན་པའམ་དགེ་རྒན་ཡིན་ཚུལ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་རྣམས་ཆུང་ངུ་ཡིན་པའི་རྣམ་པ་སྟོན་ཡོད།” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་སྔ་ཕྱི་ལོ་ ༢༠༢༢ ནང་ལའང་རྒྱ་ནག་གིས་བོད་ཀྱི་གནའ་རྫས་མང་དག་ཅིག་རྙེད་ཡོད་སྐོར་བརྗོད་པ་དང་སྦྲགས། རྙེད་དོན་དེ་དག་གིས་སྔར་མ་རྟོགས་པའི་བོད་ཀྱི་དཔལ་ཡོལ་གྱི་ལོ་རྒྱུས་མང་པོ་གསལ་སྟོན་བྱས་ཡོད་སྐོར་བསྒྲགས་ཏེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་ཐབས་བརྩམས་ཡོད།
འདི་ལོའི་ཕྱི་ཟླ་ ༡ ནང་རྒྱལ་ཁབ་རིག་དངོས་འཛིན་སྐྱོང་གི་འགན་འཛིན་ (Li Qun) གྱིས་སྔ་ལོར་གནའ་རྫས་སྔོག་འདོན་རྒྱ་བསྐྱེད་ཤུགས་ཆེན་བཏང་ཡོད་པ་དང་། དེ་བརྒྱུད་རྒྱ་ནག་གི་དཔལ་ཡོལ་དང་འབྲེལ་གནས་ཚུལ་གསར་པ་རྙེད་པ་རྣམས་སློབ་ཆུང་དང་མཐོ་འབྲིང་སློབ་གྲྭའི་ལོ་རྒྱུས་སློབ་དེབ་ནང་བཅུག་ཟིན་པ་དང་། ད་དུང་འབྱུང་འགྱུར་མུ་མཐུད་གནས་ཚུལ་གསར་སྟོན་བྱེད་རྒྱུ་ཡིན་པ་བཤད་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།