ཨ་རིའི་མཁའ་དམག་དང་མཚོ་དམག་མུ་མཐུད་དེ་བསྐྱོད་རྒྱུ་ཡིན།
2015.11.03
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནི་དམིགས་བསལ་གྱི་ཡུལ་གྲུ་སུ་ཞིག་ལའང་བདག་དབང་ཡོད་པ་ཞིག་མིན་ལུགས་ཨ་རིའི་ལན་འདེབས་བྱས་འདུག
དེ་ཡང་འདས་པའི་གཟའ་འཁོར་གཅིག་ཙམ་གྱི་གོང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་ཕྱོགས་ནས་བཟོས་པའི་བཅོས་མའི་གླིང་ཕྲན་ཡོད་སའི་ཉེ་འགྲམ་དུ། ཨ་མི་རི་ཀའི་དམག་གྲུ་བསྐྱོད་པའི་གནད་དོན་ཐད་རྒྱ་ནག་གི་ཕྱོགས་ནས་སྐྱོན་བརྗོད་བྱས་པ་དེའི་ཐད། ད་རེས་རྒྱ་ནག་གི་པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོའི་སར་གཟའ་མིག་དམར་གྱི་ཉིན། ཨ་མི་རི་ཀའི་ཞི་བདེ་རྒྱ་མཚོའི་དྲག་པོའི་མཚོ་དམག་བཀོད་འདོམས་པ་Admiral Harry Harrisཡིས་གསུང་བཤད་སྐབས་གསལ་བཏོན་གནང་བར། ང་ཚོ་ཨ་མི་རི་ཀའི་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྲོལ་ལྟར་སྤྱི་པར་བདག་ཐོབ་ཡོད་པའི་མཁའ་དབྱིངས་དང་། རྒྱ་མཚོའི་མངའ་ཁུལ་གྱི་ནང་ག་དུས་ཡིན་ནའི་དགོས་གལ་མཆིས་ཚེ། ཨ་རིའི་མཁའ་དམག་དང་མཚོ་དམག་མུ་མཐུད་དེ་བསྐྱོད་རྒྱུ་ཡིན་ལུགས་གསུང་ཡོད་པ་དང་མཉམ། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནི་དམིགས་བསལ་གྱི་ཡུལ་གྲུ་སུ་ཞིག་ལའང་བདག་དབང་ཡོད་པ་ཞིག་མིན་ལུགས་གསལ་བཏོན་གནང་ཡོད་པ་རེད།
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་ནང་རྒྱ་ནག་ལྟ་བུའི་ཡུལ་གྲུ་སུ་ཞིག་གིས་བདག་དབང་བཙན་བཟུང་གིས། ཡུལ་གྲུ་གཞན་ལ་ཉེན་ཁའི་གནས་སྟངས་ཡོང་སྲིད་པ་དེ་ཚོ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་རང་དབང་ལ་སྲུང་སྐྱོབ་ཀྱིས་ཁྲིམས་མཐུན་གྱི་དྲག་པོའི་སྲུང་སྐྱོབ་ཀྱི་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལུགས་སོགས་གསུང་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།