ཨ་རྒྱ་གཉིས་ཀྱི་ཚོང་དོན་སྒོ་ཁྲལ་གྱི་གནས་སྟངས་ཐད་མུ་འཐུད་རྩོད་རྙོག་བྱུང་བཞིན་འདུག
2018.04.12
རྒྱ་ནག་གཞུང་གིས་ཨ་རིའི་ལྷན་དུ་ཚོང་དོན་ཐད་གྱི་རྩོད་རྙོག་གི་གནས་སྟངས་དེ་ཇེ་སྡུག་ཏུ་སོང་ཚེ་རྒྱ་ནག་གིས་དེར་ཡ་ལན་གྱིས་གདོང་ལེན་འཐབ་རྩོད་བྱེད་རྒྱུ་ཡིན་པ་བརྗོད་འདུག
དེ་ཡང་སྤྱི་ལོ་༢༠༡༨སྤྱི་ཟླ་༤པའི་ཚེས་༡༢ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རོ་ཡི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཟའ་མིག་དམར་ཉིན་རྒྱ་ནག་གིས་དཔལ་འབྱོར་ཚོང་ལས་ཀྱི་སྒོ་མོ་རྒྱ་ཆེ་རུ་ཕྱེ་རྒྱུ་དང་རྒྱ་ནག་ནང་ཕྱི་ནས་ནང་འདྲེན་བྱེད་བཞིན་པའི་མོ་ཊ་ལ་སོགས་པའི་ཐོག་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ་ཡིན་པ་བཤད་པ་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་ལ་ཚོང་དོན་ཐད་གྲོས་མཐུན་ཡོང་བའི་རེ་བ་བྱུང་ཡོད་པ་དང༌། དེའི་ལན་དུ་ཨ་རིའི་སྲིད་འཛིན་(Trump) མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཡིས་ཨ་རིའི་མོ་ཊ་དང་དངོས་ཟོག་ནང་འདྲེན་ཐོག་རྒྱ་ནག་གིས་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ་དང་ཚོང་ལས་འགྲོ་རྒྱུགས་ཀྱི་ཚད་གཞི་གུ་ཡངས་སུ་གཏོང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བ་དེ་ལ་ཨ་རིའི་སྲིད་འཛིན་(Trump) མཆོག་གིས་ཞི་ལ་ཐུགས་རྗེ་ཞུས་ཡོད་པ་རེད་འདུག ཡིན་ན་ཡང་ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཚོང་དོན་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gao Feng) གིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྲིད་འཛིན་ཞི་ཡིས་གཏམ་བཤད་དེ་དང་ཚོང་དོན་གྱི་དཀའ་རྙོག་དེ་དང་འབྲེལ་བ་མེད་པའི་སྲིད་འཛིན་ཞི་ཡི་བཀའ་མོལ་དེའི་ཐོག་ནས་ཨ་རི་ལ་དམིགས་བསལ་ཆགས་ཡང་བཏང་བ་ཞིག་ལ་གོ་བ་ལོག་སྒྲུབ་བྱེད་རྒྱུ་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་རྒྱ་ནག་གི་མགྲིན་ཚབ་པ་དེས་རྒྱ་ནག་གིས་ཨ་རིའི་ལྷན་དུ་ཚོང་དོན་གྱི་ཐད་གྲོས་མོལ་བྱུང་མེད་པ་དང་། དེ་བཞིན་ཨ་རིའི་ངོས་ནས་ལྷག་བསམ་རྣམ་དག་གི་རྣམ་པ་མེད་པས་གལ་སྲིད་ཨ་རིའི་ངོས་ནས་གནས་སྟངས་དེ་ཛ་དྲག་ཏུ་བཏང་ཚེ་རྒྱ་ནག་གིས་ཕྱིར་འཐབ་རྩོད་བྱེད་པར་ཐེ་ཚོམ་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག
དཔལ་འབྱོར་གྱི་ཐོག་ནས་འཛམ་གླིང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ཚོང་ཟོག་ཐོག་སྒོ་ཁྲལ་འཕར་མ་རྒྱག་རྒྱུའི་རྩོད་རྙོག་སོགས་ལ་བརྟེན་ནས་ཕྱོགས་གཉིས་དབར་ཚོང་དོན་གྱི་དམག་འཁྲུག་ལངས་ཉེན་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ལ། དེས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་ཁྲོམ་རྭར་དོ་ཕོག་ཐེབས་ཉེན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
གསར་འགོད་པ་ཚེ་དབང་ནོར་བུ།