བོད་ནང་ཁ་བྲལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཛ་དྲག་ཡིན་ལུཌ།
2009.10.27
༄༅༎སྔ་ལོ་བོད་ནང་ཞི་རྒོལ་ཆེན་པོ་བྱུང་སྟེ་ལོ་གཅིག་ཙམ་སོང་ཟིན་པའི་རྗེས་སུ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་ཁ་བྲལ་རིང་ལུགས་པར་གདོང་ལེན་བྱ་རྒྱུ་དེ་ནི་ད་དུང་ཡང་ཛ་དྲག་རང་བཞིན་ཅན་ཞིག་གི་ཐོག་ནས་གནས་མུས་ཡིན་པ་བརྗོད་བཞིན་ཡོད་པ་རེད།
དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཅིང་ལིས་ལྷ་ས་གྲོང་ཁྱེར་གྱི་ནང་གཏམ་བཤད་བྱས་པ་ཞིག་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བདུན་ཉིན་བོད་ལྗོངས་ཉིན་རེའི་གསར་ཤོག་གི་ཐོག་ལུང་འདྲེན་བྱས་ཡོད་པ་དེའི་ནང་ཀྲང་ཅིང་ལིས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་གི་རིམ་པ་ཡོངས་དང་དེ་བཞིན་དམག་དཔུང་དང་བཅས་པ་ཚང་མས་བོད་ནང་ཞི་བདེ་ལྷིངས་འཇགས་ཡོང་རྒྱུའི་ལས་དོན་ཛ་དྲག་ཏུ་གཏོང་དགོས་སྐོར་བརྗོད་ཡོད་འདུག
ད་དུང་ཀྲང་ཅིང་ལིས་ཕྱི་ལོ་ཉིས་སྟོང་ལྔ་ལོ་ནས་བཟུང་ང་ཚོས་རྡུང་རྡེག་ཚ་ནན་དང་ཁ་བྲལ་རིང་ལུགས་པར་འགོག་རྒོལ་གྱི་ལས་དོན་གཏིང་ཟབ་སྤེལ་སྟེ་ཁྱབ་ཆེ་ས་ནས་སྤྱི་ཚོགས་བརྟན་ལྷིངས་སྲུང་སྐྱོབ་བྱ་རྒྱུར་གལ་ཆེའི་ཞབས་འདེགས་གྲུབ་ཐུབ་པ་བྱུང་ཡོད་པ་རེད་ཅེས་དང་འོན་ཀྱང་ས་གནས་ཀྱི་ཁ་བྲལ་གདོང་ལེན་གྱི་ལས་འགུལ་སྤེལ་རྒྱུ་དེ་ད་དུང་ཡང་ཛ་དྲག་གི་རང་བཞིན་ཅན་ཞིག་གི་ཐོག་གནས་མུས་རེད་ཅེས་བརྗོད་འདུག
གཟའ་འཁོར་སྔོན་མར་བཙན་བྱོལ་ནང་ཡོད་པའི་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་སྔ་ལོ་ཞི་རྒོལ་གྱི་ལས་འགུལ་ནང་བཞུགས་མཁན་བོད་མི་གསུམ་ནས་བཞི་བར་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཁྱབ་སྤེལ་གནང་ཡོད་ཅིང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་མི་གཉིས་ཁྲིམས་ལུགས་གཞིར་བཟུང་སྲོག་ཐོག་བཏང་ཡོད་པ་ངོས་ལེན་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཅིང་ལིས་ང་ཚོས་སྔ་ལོ་གསུམ་བཅུ་བཞིའི་རྡུང་འཕྲོག་བསྲེག་གསུམ་གྱི་དྲག་སྤྱོད་སྤེལ་མཁན་ཁྲིམས་འགལ་བ་ཚོར་ཁྲིམས་ལུགས་ཀྱི་ཐོག་ནས་དོ་དམ་བྱེད་མཁན་མཁར་རྫོང་ཞིག་བསྐྲུན་ཡོད་པ་རེད་ཅེས་བརྗོད་འདུག
སྔ་ལོ་རྒྱ་ནག་ཏུ་ཨོ་ལིམ་པིག་མ་ཚུགས་སྔོན་ཙམ་ནས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེས་གཏམ་བཤད་བྱས་པ་ཁག་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡོངས་ཁྱབ་དེ་ཙམ་བྱས་མེད་ཅིང་ཁོ་པ་ནི་ཚིག་རྩུབ་ཆེན་པོའི་གཏམ་བཤད་བྱེད་མཁན་གྱི་རྒྱ་མིའི་དཔོན་པོ་ཞིག་ཡིན་པ་རེད།