རྒྱ་ནག་གིས་གྲོས་འཆར་སྟོན་པ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་དཔལ་ཡོན་ཕན་ཚུན་གྱི་གྲོས་མོལ་ཉིན་མོ་ཞེས་འདི་ལོ་ཐེངས་དང་པོ་སྲུང་བརྩི་བྱ་རྒྱུར་བོད་མིའི་སྒྲིག་འཛུགས་ནས་དང་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་ལ་འབད་དགོས་པ་གསུང་གི་འདུག
རྒྱ་ནག་གིས་སྔ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་གྲོས་འཆར་སྟོན་ཏེ་རྒྱབ་སྐྱོར་ཐོབ་པ་བཞིན། ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་དཔལ་ཡོན་ཕན་ཚུན་དབར་གྱི་གྲོས་མོལ་ཉིན་མོ་(International Day for Dialogue among Civilizations)ཐེངས་དང་པོ་སྲུང་བརྩི་བྱ་རྒྱུ་ཡིན་པ་རྒྱ་ནག་གིས་བསྒྲགས་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱིས་ཐོག་མར་བོད་ཀྱི་གནད་དོན་བསལ་རྒྱུ་ནས་འགོ་འཛུགས་དགོས་པ་གསུངས་སོང་།
དེ་ཡང་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་མོ་དེའི་སྐོར་ཨིན་སྐད་ཀྱི་དྲ་ཚིགས་ཤིག་གསར་བཟོ་བྱས་ཡོད་པ་དང་འབྲེལ། འདི་ཚེས་ ༥ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅིའན་ལགས་ (Lin Jian) ཀྱིས། རྒྱ་ནག་ནི་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུར་འཆར་གཞི་འབུལ་མཁན་རྒྱལ་ཁབ་ཡིན་པའི་ཆ་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱ་རྒྱུ་དང་། གྲོས་མོལ་བརྒྱུད་སྤྱི་ཚོགས་འདྲ་མིན་དང་རྒྱལ་ཁབ་སྤྱི་ལ་ཕན་པའི་ཡར་རྒྱས་གཏོང་རྒྱུར་གྲ་སྒྲིག་ཡིན་སྐོར་བསྒྲགས་པར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གང་སྤྱིའི་ཐོག་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་དངོས་འབྲེལ་ཡིན་སྟབས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལ་དེ་ལྟ་བུའི་དཔལ་ཡོན་དང་འབྲེལ་བའི་སྐོར་བཤད་རྒྱུའི་སྔོན་ལ་རྒྱ་ནག་རང་གི་གནས་སྟངས་ལ་བལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་གསུངས་བྱུང་།
གྲོས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨུ་རུ་སུ་དང་པཱ་ཀི་སི་ཐན། ཤྲི་ལང་ཀ ལྦིཡེཏ་ནམ། ཨ་རབ་སྤྱི་མཐུན་རྒྱལ་ཁབ། ཀམ་པོ་ཌི་ཡ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༨༠ འདུག་ཅིང་། སྔ་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་རྒྱལ་སྤྱིའི་དཔལ་ཡོན་ཕན་ཚུན་བར་གྱི་གྲོས་མོལ་ཉིན་མོ་དང་འབྲེལ་བའི་བགྲོ་གླེང་སྐབས། ཨ་རིའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་། དཔལ་ཡོན་ཞེས་པའི་ཚིག་གི་དོན་གསལ་པོ་ཞིག་མེད་ལ། གོང་གསལ་ཉིན་མོ་འདི་སྲུང་བརྩི་ཞུ་ཕྱོགས་དང་སྐབས་དོན་སྦྱར་ཏེ། དཔལ་ཡོན་དང་རིག་གཞུང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་གི་ཡོད་པ་དང་། རིག་གཞུང་སྣ་མང་གི་ལྟ་ཚུལ་དེར་འཛམ་བུ་གླིང་གིས་ངོས་ལེན་བྱས་ཡོད་ཅེས་གསུངས་པ་དང་སྦྲགས། སྲིད་གཞུང་གཅིག་གིས་མི་རིགས་ཀྱི་ངོ་བོ་བདག་བཟུང་བྱེད་མི་ཐུབ་ཅེས་བློ་འཚབ་དང་འབྲེལ་གསུངས་འདུག
རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དེ་ལྟ་བུའི་འཆར་གཞི་འདོན་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྒྱུན་འཛིན་བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་གཏོང་བཞིན་པ་དང་འགལ་ཟླ་ཆགས་ཀྱི་ཡོད་ལ། དེ་ནི་སྔ་ལོ་གྲོས་འཆར་བསྟན་པའི་ལོ་དེ་རང་ནང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་གྲྭ་བཙུན་ ༡༠༠༠ ལྷག་ཕྱིར་ཕུད་བྱས་པ་དང་། དགོན་པའི་ནང་རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་དང་ཉེན་རྟོག་པ་ ༤༠༠ ཙམ་གཏན་འཇགས་བཞག་པ། དེ་བཞིན་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་པ། བོད་མི་སྒྱུ་སྩལ་བ་དང་རྩོམ་པ་པོ་རྣམས་ཀྱི་སྨྲ་བརྗོད་རང་དབང་ཐད་དམ་དྲག་ཆེ་རུ་གཏོང་བཞིན་པ་སོགས་བོད་ནང་དྲག་གནོན་ཆེ་རུ་གཏོང་བཞིན་པ་སོགས་ཀྱི་གསལ་པོར་རྟོགས་ཐུབ་པ་ཡིན། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།