རྒྱ་ནག་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་མངའ་ཁུལ་དུ་ཟངས་ཀྱི་གཏེར་ཁ་ཕོན་ཆེ་ཞིག་བརྙེད་སོན་བྱུང་ཡོད་པ།
དེ་ཡང་རྒྱ་ནག་གི་རང་འབྱུང་ཐོན་རྫས་དང་། ས་གཞིའི་བརྟག་དཔྱད་རིག་པའི་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ཞིག་རྒྱ་ནག་གི་ཉིན་རེའི་གསར་ཤོག་ཞེས་པའི་ལུང་འདྲེན་བྱེད་པར་ལྟར་ན། ལོ་འདིའི་ཕྱི་ཟླ་དང་པོའི་ནང་། བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁུལ་ཟངས་ཀྱི་གཏེར་ཁ་ཀྲོན་ས་ཡ་༢༠ ཙམ་ཞིག་བརྙེད་སོན་བྱུང་ཡོད་པ་དེ་ནི་རྒྱལ་རབས་ལོ་རྒྱུས་ནང་འདི་ལྟ་བུའི་ཧ་ཅང་ཕོན་ཆེ་བའི་ཟངས་ཀྱི་གཏེར་ཁ་བརྙེད་སོན་བྱུང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག འོན་ཀྱང་གནས་ཚུལ་ནང་ཟངས་ཀྱི་ཐོན་ཁུངས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཞེས་བཀོད་པ་ལས་ས་ཁུལ་གང་ནས་ཡིན་པ་གསལ་ཁ་བཏོན་མེད་པ་རེད།
ད་རེས་བོད་ཀྱི་མངའ་ཁུལ་དུ་འདི་ལྟབུའི་རང་འབྱུང་གཏེར་ཁ་ཕོན་ཆེ་ཐོན་པ་དེས་མ་འོངས་པར་རྒྱ་ནག་གིས་ཕྱི་ཕྱོགས་ནས་ཟངས་ཀྱི་རིགས་ནང་འདྲེན་བྱེད་མི་དགོས་པའི་ཁར་ཕྱི་ཚོང་གི་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུའི་ཁེ་ཕན་ཡོད་པ་དང་དེ་ལས་བཟློག་ཏེ་ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཟངས་ཀྱི་ཚོང་འབྲེལ་འགྲོ་རྒྱུགས་ཆེ་ཤོས་གྲས་ཅི་ལིའི་རྒྱལ་ཁབ་ཀྱི་ཐོན་རྫས་དང་ཕྱི་ཚོང་གི་ལས་དོན་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག དེ་ཡང་གནས་ཚུལ་ནང་གསལ་ལྟར་ན། ཅི་ལིའི་རྒྱལ་ཁབ་ནང་ཟངས་ཀྱི་གཏེར་རྫས་ཀྱི་ཐོན་ཁུངས་ནས་ཌོ་ལར་ཐེར་འབུམ་མང་པོའི་བཟོ་སྐྲུན་ལས་གཞི་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད་པ་དེ་དག་གི་ཚོང་ལ་དོ་ཕོག་ཐེབས་རྒྱུ་མ་ཟད་ཕྱི་ཚོང་དང་གཏེར་ཁ་བསྔོགས་འདོན་བྱེད་ཡུལ་གྱི་བཟོ་གྲྭ་ཁག་གི་ལས་མི་ཚོ་ལས་མེད་པ་ཆགས་རྒྱུ་སོགས་གང་ས་ཅིའི་ཐད་ནས་ཅི་ལིའི་རྒྱལ་ཁབ་ཀྱི་ཡོངས་བབས་ལ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་འདུག
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས། རྒྱ་ནག་ནང་འདི་ལྟབུའི་ཟངས་ཀྱི་ཐོན་ཁུངས་ཕོན་ཆེ་རུ་འགྲོ་བཞིན་པ་དེས་རྒྱ་ནག་ཙམ་མ་ཡིན་པར་ཕྱི་ཕྱོགས་ལའང་རང་བཞིན་གྱི་འགྱུར་བ་ཐེབས་རྒྱུ་ཡིན་པ་དང་། ཟངས་ཀྱི་རིགས་ནི་གློག་ཀླད་དང་གློག་གི་འཕྲུལ་རིགས། ལག་ཐོག་ཁ་པར་གྱི་རྒྱུ་ཆ། ནུས་ཤུགས་ཀྱི་ཐོན་རྫས་བཟོ་སྐྲུན་ལས་གཞི་སོགས་མང་དག་ཞིག་ལ་ཕན་ཐོག་ཡོད་པ་ཞིག་ཡིན་དུས་ཐོན་ཁུངས་མང་དུ་འགྲོ་བཞིན་པ་དེས་ཁྲོམ་རའི་ནང་དུའང་རང་བཞིན་གྱི་ཁེ་ཕན་ཞིག་ཆགས་ཀྱི་ཡོད་པ་དང་། འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་ཟངས་ཀྱི་མཐུན་ཚོགས་བཅས་ནས་གནད་དོན་དེའི་ཐོག་དོ་སྣང་དང་ཉམས་ཞིབ་གནང་བཞིན་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།