རྒྱ་ནག་ནི་རྩོམ་པ་པོ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་སུ་གྱུར་པའི་སྐོར། ཨ་མི་རི་ཀའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྤྱི་ལོ་༢༠༢༤ལོའི་སྙན་ཐོའི་ནང་འཁོད་ཡོད་པ།

2025.04.25
རྒྱ་ནག་ནི་རྩོམ་པ་པོ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་སུ་གྱུར་པའི་སྐོར། ཨ་མི་རི་ཀའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྤྱི་ལོ་༢༠༢༤ལོའི་སྙན་ཐོའི་ནང་འཁོད་ཡོད་པ། པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༤ ལོའི་སྙན་ཐོ།
PEN America

རྒྱ་ནག་གཞུང་གིས་མང་གཙོ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་ཀྱི་སྐོར་ལས་འགུལ་སྤེལ་མཁན་གྱི་རྩོམ་པ་པོ་རྣམས་ལ་རྒྱལ་ཁབ་བདེ་འཇགས་གཏོར་བཤིག་དང་། ཁ་བྲལ་རིང་ལུགས་པ་སོགས་ཀྱི་ཞྭ་མོ་འདྲ་མིན་གཡོག་སྟེ་གང་བྱུང་གིས་འཛིན་བཟུང་བཀག་ཉར་དང་། སྲོག་ཐོག་གིས་མཚོན་པའི་བཙོན་ཐག་རིམ་ཅན་དུ་གཅོད་བཞིན་པ་ནི། སྤྱི་ལོ་༢༠༢༤ལོ་གཅིག་པུར་རྩོམ་པ་པོ་ ༡༡༨ བཙོན་འཇུག་བྱས་ནས་འཛམ་གླིང་སྤྱིའི་བཙོན་འཇུག་འོག་གི་རྩོམ་པ་པོ་༣༧༥ལས་གྲངས་འབོར་མང་ཆེ་བ་རྒྱ་ནག་གིས་བཟུང་ཡོད་པར་བརྟེན། སྤྱི་ལོ་༢༠༢༤ལོར་འཛམ་གླིང་སྤྱི་ཡོངས་ཀྱི་རྩོམ་པ་པོར་དྲག་གནོན་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་ཆགས་ཡོད་པ་མ་ཟད། བར་ལམ་ནས་རྒྱུན་མཐུད་དུ་ལོ་དྲུག་རིང་རྒྱ་ནག་དེ་བཞིན་འཛམ་གླིང་སྟེང་རྩོམ་པ་པོར་དྲག་གནོན་བྱེད་མཁན་རྩེ་གྲས་ནང་ཡོད་པའི་སྐོར། ཨ་མི་རི་ཀའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤྱི་ལོ་ ༢༠༢༤ ལོའི་སྙན་ཐོའི་ནང་གསལ་སྟོན་བྱས་འདུག

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྩོམ་པ་པོ་གསུམ་ཆ་གཅིག་ཙམ་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་ཞེ་གཅིག་ཡིན་པ་ལས། རྩོམ་པ་པོ་དགུ་བུད་མེད་ཡིན་པ་དང་། རྩོམ་པ་པོ་༣༣ལ་ཁྲིམས་ཐོག་ནས་ཉེས་འཛུགས་ཅི་ཡང་བྱེད་རྒྱུ་མ་རག་པར་བཙོན་འཇུག་གི་གནས་ཚུལ་ཀྱང་ལྷག་ཡོད་ལ། སྔ་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྩོམ་པ་པོ་༡༡༨ནང་ནས་ཕྱེད་ཀ་བོད་མི་དང་སོག་པོ། ཡུ་གུར་མི་རིགས་བཅས་ཡིན་པ་ཕལ་མོ་ཆེར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ་བཙུགས་ཡོད་འདུག

རྒྱ་ནག་ཧན་མི་རིགས་གནས་སྡོད་ཀྱི་ནང་སའི་ས་ཁུལ་དུ་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ལ་ཁ་གཡར་ཏེ། གཏམ་བརྗོད་རང་དབང་ལ་བཀག་སྡོམ་ཚབས་ཆེན་བྱེད་བཞིན་པ་དང་མཚུངས། མང་གཙོའི་རིང་ལུགས་དང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་དམིགས་འབེན་དུ་འཛིན་བཞིན་པ། ཨ་མི་རི་ཀའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རང་དབང་རྩོམ་བྲིས་ཚན་ཁག་གི་འགན་འཛིན་ཀ་རིན་(Karin Deutsch Karlekar)ལགས་ཀྱིས་གསལ་སྟོན་གནང་འདུག

ལྷག་པར་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ཁག་གི་རྩོམ་པ་པོ་ཚོ་དམིགས་འབེན་དུ་ཤུགས་ཆེར་འཛིན་བཞིན་པ་དེས། བཙན་དབང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་རྣམས་གྲགས་འགུལ་མེད་པར་བཟོ་བཞིན་པ་གསལ་བོ་ཡིན།

རྒྱ་ནག་གི་བཙོན་འོག་ཚུད་པའི་རྩོམ་པ་པོ་ཚོར་ལོ་ཐག་ལྗིད་མོ་གཅོད་པ་དང་ནང་མི་དང་ཐུག་འཕྲད་བྱེད་མི་བཅུག་པ། སྡུག་སྦྱོང་མནར་གཅོད་གཏོང་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་མི་བསྐྲུན་པ་བཅས་ཡོང་གི་ཡོད་ཅིང་། གནས་སྟངས་དེ་རིགས་འབྱུང་བཞིན་པར་ངོ་རྒོལ་མཚོན་ཆེད་སྤྱི་ལོ་༢༠༢༤ལོའི་ཟླ་བ་༡༠པའི་ནང་། རང་དབང་གི་རྩོམ་བྲིས་གཟེངས་བསྟོད་ཐོབ་མཁན་རྒྱ་ནག་གི་རྩོམ་པ་པོ་ཤུ་ཊེ་ཡཱོང་གིས་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང་། རྒྱ་རིགས་ཨོ་སི་ཁྲི་ར་ལི་ཡའི་མི་སེར་ཡིན་པ་རྩོམ་པ་བོ་ཡཱང་ཧུན་བཅན་ལ་དུས་འགྱང་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པ་དེ། སྤྱི་ལོ་༢༠༡༩ལོ་འཛིན་བཟུང་བྱས་པ་ནས་ནད་མནར་ཚབས་ཆེན་བྱུང་ཡོད་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལྟར་ན། བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་ཀྱང་ནད་མནར་ཚབས་ཆེན་གྱིས་སྨན་ཁང་དུ་བསྐྱལ་དགོས་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

ཡུ་གུར་གྱིས་དཔལ་འབྱོར་རིག་པ་བ་དང་དྲ་ཐོག་ཟིན་བྲིས་སྤེལ་མཁན། རང་དབང་གི་རྩོམ་བྲིས་གཟེངས་བསྟོད་བཞེས་མཁན་ཨེ་ཧམ་ཐོ་ཏི་ལགས་སུ། རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་སྤྱི་ལོ་༢༠༡༧ལོ་ནས་ཕྱི་ལ་འབྲེལ་བ་མེད་པར་བཞག་ཡོད།

སྤྱི་ལོ་༢༠༢༤ལོ་ནས་རྒྱ་ནག་གཞུང་གིས་སྔར་དང་མི་འདྲ་བའི་བརྗོད་བྱ་ཁག་ཅིག་སྟེ། དཔལ་འབྱོར་དང་དབང་པོ་གཉིས་སྦྱོར་དང་འབྲེལ་བའི་བཅོས་སྒྲུང་ཚུད་པའི་བརྗོད་གཞི་འདྲ་མིན་སྟེང་དམ་དྲག་གིས་རྩོམ་པ་བོ་གསུམ་བཙོན་འཇུག་བྱས་འདུག་ལ། ཧོང་ཀོང་ནང་དུ་དེ་ལས་ཀྱང་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་སྒྲིག་རིམ་པ་གཉིས་པ་ཞིག་བཟོས་ཏེ། དྲ་ཐོག་དང་ངོ་དེབ་ཀྱི་སྟེང་བཅས་སུ་ཁོ་རང་ཚོའི་འདོད་བབ་མེད་པ་དང་བསམ་ཚུལ་མི་མཐུན་པ་སྤེལ་ཚད་ཁྲིམས་འགལ་དུ་བརྩིས་ནས་འཛིན་བཟུང་བྱེད་བཞིན་པ་མ་ཟད། སློབ་གྲྭ་ཁག་ཏུའང་དེབ་རིགས་སྣ་ཚོགས་ཤིག་ཆེད་དུ་བཀག་སྡོམ་བྱེད་བཞིན་པ་རེད།

ཨ་མི་རི་ཀའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤེལ་བའི་སྙན་ཐོ་གཞིར་བཟུང་ན། འཛམ་གླིང་གི་རྩོམ་པ་བོ་འཛིན་བཟུང་མང་ཤོས་བྱེད་པའི་རྒྱལ་ཁབ་གཞན་ཁག་ཅིག་ནི། སྤྱི་ལོ་༢༠༢༤ལོར་ཨི་རན་གྱིས་རྩོམ་པ་བོ་༤༣བཙོན་འཇུག་དང་། སོ་ཏི་ཨ་རབ་ཀྱིས་༢༣དང་ཝི་ཏི་ནམ་གྱིས་༢༣བཙོན་འཇུག་བྱས་པ། ཨི་སི་རལ་གྱིས་༢༡སོགས་ཁྱོན་བསྡོམས་པའི་༣༧༥བཙོན་འཇུག་འོག་ཚུད་པ་ནི། ཕྱི་ལོ་༢༠༢༣ལོའི་༣༣༩དང་བསྡུར་ན་བརྒྱ་ཆ་༡༦ཡར་གྲངས་འབོར་འཕར་ཡོད་པ་ངོས་འཛིན་གནང་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་ཉི་ཧོང་དང་ཡོ་རོབ། བྱང་ཨ་མི་རི་ཀ་བཅས་སུ་གནས་འཁོད་ཀྱི་རྩོམ་པ་པོ་ཚོའི་ཐོག་ཏུའང་སྙོབ་ཐབས་ཀྱིས། རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་རྩོམ་པ་པོ་རྣམས་ཀྱི་ནང་མི་སྤུན་མཆེད་རྒྱ་ནག་ཏུ་གནས་འཆའ་བ་ཚོར་བསྙད་བརྐོ་བ་དང་ཉེན་བརྡ་གཏོང་བ་སོགས་གང་བྱུང་བྱེད་བཞིན་པ་རྣམས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་ཁུངས་ལྡན་གནས་ཚུལ་སྤེལ་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎