ཐའེ་ལྦན་དུ་འཚམས་འདྲིར་སླེབས་པའི་རྒྱ་ནག་འགོ་ཁྲིད་ལ་ངོ་རྒོལ།
2009.12.23
༄༅༎རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཐའེ་ལྦན་གྲོས་མོལ་ལས་ཁང་གི་འགོ་ཁྲིད་གྲེན་ཡུན་ལིན་ཐའེ་ལྦན་དུ་འཚམས་འདྲི་བྱེད་པའི་རིང་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་ཐའེ་ལྦན་གྲོས་མོལ་ལས་དོན་ཁང་གི་འགོ་ཁྲིད་གྲེན་ཡུན་ལིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་ཡོད་པ་ལྟར་དེ་རིང་རེས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་བྱང་ཕྱོགས་སུ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་ལྟ་སྐོར་དུ་བསྐྱོད་ཡུལ་མིའོ་ལི་ས་གནས་སུ་འཚམས་འདྲིར་བསྐྱོད་ཡོད་ཅིང། དེ་རིང་ས་གནས་དེའི་ཁྲིམས་དཔོན་ལིའུ་གྲེན་ཧུང་གི་ལྷན་དུ་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ནང་ཉིན་དགུང་གི་གསོལ་ཚིགས་མཉམ་དུ་བཞེས་རྒྱུ་དང་དེ་རྗེས་ས་གནས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ལྟ་སྐོར་དུ་བསྐྱོད་རྒྱུའི་འཆར་གཞི་ཡོད་པ་རེད། ཡིན་ནའང་ཁོང་གྲོང་ཚོ་དེའི་ནང་དུ་མ་འབྱོར་སྔོན་ནས་ཕཱ་ལུང་ཀུང་ཉམས་ལེན་བྱེད་མཁན་མི་དམངས་མང་པོ་ཞིག་འདུ་འཛོམས་བྱས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང། ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་གྱིས་གསུང་ན། ཁྱོན་ཕཱ་ལུང་ཀུང་ཉམས་ལེན་བྱེད་མཁན་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་བྱས་ཏེ་དེ་རིང་གྲེན་ཡུན་ལིན་ས་གནས་དེའི་ནང་དུ་འཚམས་འདྲི་བསྐྱོད་ཡུལ་ས་ཆ་ཚང་མར་ངོ་རྒོལ་བྱེད་མཁན་འགྲེམས་འཇོག་བྱས་ཏེ་རྒྱ་ནག་གཞུང་གིས་ཕཱ་ལུང་ཀུང་ཉམས་ལེན་བྱེད་མཁན་ཐོག་དྲག་གནོན་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། ཡིན་ནའང་གྲེན་ཡུན་ལིན་ས་གནས་དེའི་ནང་འཚམས་འདྲིར་མ་འབྱོར་བའི་གོང་དེར་ངོ་རྒོལ་བྱེད་མཁན་མི་དམངས་དང་ཐའེ་ལྦན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུར་འདོད་པ་ཡོད་པའི་མི་དམངས་བར་ལ་གདོང་ཐུག་བྱུང་ཡོད་པ་ལས་ཐའེ་ལྦན་གཞུང་གིས་སྲུང་སྐྱོབ་ཀྱི་ཆེད་དུ་ཉེན་རྟོག་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་ཀྱང། ངོ་རྒོལ་བྱེད་མཁན་དང་ཉེན་རྟོག་པའི་བར་ལ་རྒྱུ་མཚན་ཤོད་རེས་བྱེད་ཐུབ་པ་བྱུང་སྟེ་དྲག་པོའི་གདོང་ཐུག་གང་ཡང་བྱུང་མེད་པ་རེད།
གྲེན་ཡུན་ལིན་ནི་རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་ཡོད་པ་དང་ད་རེས་ཁོང་གི་ཐའེ་ལྦན་གྱི་འཚམས་འདྲི་དེ་ནི་ཐའེ་ལྦན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ཁང་གི་འགོ་ཁྲིད་ཅཱང་ཕིན་ཀུང་དང་གྲོས་མོལ་བྱེད་དུ་ཡོང་བའི་འཚམས་འདྲི་ཐེངས་བཞི་པ་དེ་ཡིན་ཞིང། ཁོང་གཉིས་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་གྲོང་ཁྱེར་ཐའེ་ཀྲུང་ནང་མཇལ་འཛོམས་ཀྱིས་ཐའེ་ལྦན་དང་རྒྱ་ནག་བར་ལ་ཉ་པའི་ལས་དོན་མཉམ་ལས་བྱ་རྒྱུ་དང་སོ་ནམ་དང་ཟ་བཅའི་སྤུས་ཚད་འགན་ལེན་ཡོང་ཐབས་སོགས་ཀྱི་ཐོག་གྲོས་འཆམ་བྱུང་ཡོད་པ་རེད།