རྒྱ་ནག་གཞུང་གིས་བོད་ནང་འཛུཌ་སྐྲུན་མ་དངུལ་གཏོང་འཆར།
2011.09.14
༄༅༎རྒྱ་ནག་གཞུང་གིས་བོད་ནང་དུ་མ་འོངས་ལོ་ལྔའི་རིང་གཞུང་ལམ་དང་མེ་འཁོར་ལྕགས་ལམ་གསར་འཛུགས་། དེ་བཞིན་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་སོགས་ཀྱི་ཐོག་འགྲོ་གྲོན་མ་དངུལ་ཌོ་ལར་ཐེར་འབུམ་༤༧གཏོང་རྒྱུ་ཡིན་སྐོར་ དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།
ཁ་ས་རྒྱ་ནག་གི་འགོ་ཁྲིད་ནང་ཁུལ་གྱི་ཚོགས་འདུ་ཞིག་གི་ཐོག་ བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་གཞོན་པ་ཧའོ་ཕེང་ཡིས་རྒྱ་ནག་གཞུང་གི་རོགས་དངུལ་བཏང་སའི་ལས་འཆར་ཁག་འདྲ་མིན་༢༢༨ཡོད་པ་དེ་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་ཡར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་ཡག་ཆེད་ཡིན་སྐོར་བརྗོད་པ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག། གོང་ཞུས་གཞུང་ལམ་འཛུགས་སྐྲུན་གྱི་ལས་འཆར་གཙོ་བོ་ཅིག་ནི། བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་དབར་མེ་འཁོར་ལྕགས་ལམ་གསར་འཛུགས་བྱ་རྒྱུ་དང༌། དེ་མིན་བོད་ཀྱི་ས་ཁུལ་ཁག་ནས་རྒྱ་ནག་དབར་གཞུང་ལམ་མཐུད་རྒྱུ་སོགས་ཡིན་པ་རེད། དེ་མིན་འགྲོ་གྲོན་གཏོང་ཡུལ་གྱི་ལས་གཞི་ཁག་ཅིག་ནི་བོད་ནང་ཁང་པ་གསར་རྒྱག་གི་ལས་གཞི་དང་མང་ཚོགས་ཀྱི་འཕྲོད་བསྟེན་ཆ་རྐྱེན་ཡར་རྒྱས་གཏོང་རྒྱུ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སོགས་ཡིན་ཚུལ་ ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་མུ་མཐུད་སྤེལ་བཞག། སྤྱིའི་རོགས་དངུལ་གྱི་ཚད་གཞི་བརྒྱ་ཆ་བརྒྱད་ཙམ་ཞིག་ ཡུལ་སྐོར་སྤྲོ་འཆམ་དང་གཏེར་ཁ་བསྔོག་འདོན། ཞིང་ལས་དང་ཕྱུགས་རིགས་གསོ་སྐྱོང་ཐེ་པའི་ བོད་མི་རང་གིས་གཉེར་བའི་བཟོ་ལས་ཐོག་བེད་སྤྱོད་གཏོང་རྒྱུ་ཡིན་སྐོར་རྒྱ་གཞུང་གིས་བརྗོད་འདུག།
འདས་པའི་ལོ་འགའ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་གྱི་མིང་ཐོག་ནས་ཌོ་ལར་ཐེར་འབུམ་མང་པོའི་འགྲོ་གྲོན་བཏང་སྟེ། གཙོ་བོ་བོད་མི་ཚོའི་ཡིད་སེམས་འགུག་ཐབས་དང༌། བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་གོང་བུ་གཅིག་གྱུར་་བཟོ་རྒྱུའི་རེ་སེམས་བཅངས་ཡོད་པ་རེད།རྒྱ་ནག་གིས་འཆར་གཞི་དེ་དང་འདྲ་བ་ཞིག་ ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་ནང་གི་གཡུ་གུར་མི་རིགས་ཐོག་ལའང་ལག་བསྟར་བྱེད་བཞིན་ཡོད་རུང༌། རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་ཁུལ་གྱི་ལས་འཆར་དེ་ཚོས་རྒྱ་མི་རིགས་འཕོན་ཆེ་བོད་ནང་སྤོ་ཞུད་བྱ་རྒྱུར་ཕན་ཐོགས་་ཆེ་བ་ཡོད་པ་ལས། ས་གནས་བོད་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་དེ་ཙམ་མེད་སྐོར་བོད་ནང་གི་བོད་མི་ཚོས་ངོས་འཛིན་གནང་གི་འདུག།