རྒྱ་ནག་གིས་ཁ་པར་རྩིས་འཁོར་དང་དྲ་རྒྱའི་བརྒྱུད་ལམ་དམ་དྲག་བྱེད་རྒྱུ།
2015.01.30
རྒྱ་ནག་གཞུང་གིས་ཤིན་ཅང་ནང་གློག་ཆས་ཁ་པར་སོགས་ཀྱི་ཐོན་རྫས་རིགས་ཉོ་ཚོང་བྱེད་པར་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། ཉེ་སྔོན་ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་བཟོ་ཚོང་དང་། རིག་གནས། ཉེན་རྟོག གསར་འགྱུར་དཔེ་སྐྲུན། མི་རིགས་ལས་དོན་ལྷན་ཁང་སོགས་ལྷན་ཁང་ཁག་དྲུག་མཉམ་འབྲེལ་གྱིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ནང་ཁ་པར་དང་འབྲེལ་ཡོད་གློག་ཆས་ཐོན་རྫས་ཚོང་རའི་ལྟ་རྟོག་དོ་དམ་བྱེད་ཐབས་ཞེས་པའི་སྲིད་བྱུས་གཏན་འབེབས་ལག་བསྟར་གྱིས་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ལ་སྔར་ལས་དམ་བསྒྲགས་འགོ་བཙུགས་བྱས་ཡོད་པ་རེད། ཕྱིར་བསྒྲགས་བྱས་པའི་དམ་བསྒྲགས་ཀྱི་སྲིད་བྱུས་ཁག་ནང་། ཁ་པར་དང་གློག་ཀླད་རྩིས་འཁོར། དེ་བཞིན་རྒྱུན་ལྡན་བེད་སྤྱོད་བྱེད་པའི་གློག་ལམ་འབྲེལ་འཐུད་འཕྲུལ་ཆས་ཐོན་རྫས་རིགས་ཉོ་ཚོང་བྱེད་སྐབས་ངེས་པར་དུ་རྫས་སྤྱོད་པ་དང་། ཐོན་རྫས་ཕྱིར་ཚོང་བའི་དངོས་མིང་ཐོ་འགོད་བྱེད་དགོས་པ་མ་ཟད། ཁ་པར་གྱི་མིང་དང་ཚོང་རྟགས་ཐོན་རྫས་ཨང་གྲངས། ཚོང་གཉེར་བ་དང་རྫས་སྤྱོད་པའི་ཐོབ་ཐང་དང་དཔང་ཡིག་སོགས་ཞིབ་བཤེར་ཐོ་འགོད་ཆ་ཚང་མ་བྱས་ཚེ་གློག་ལམ་འབྲེལ་འཐུད་འཕྲུལ་ཆས་ཐོན་རྫས་རིགས་ཕྱིར་ཚོང་བྱེད་མི་ཆོག་པ་མ་ཟད། གློག་ལས་ཐོན་རྫས་ཚོང་ཁང་ཚང་མས་ས་གནས་ཀྱི་རྫོང་རིམ་པའི་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པའི་ཁར་ཚོང་ཁང་སྒོ་བརྒྱབ་པའམ་མིང་དང་། ས་གནས་དེ་བཞིན་ཚོང་གཉེར་འགན་འཁུར་བ་བརྗེ་བསྒྱུར་བྱུང་ཚེ་ངེས་པར་དུ་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁང་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག གློག་ཆས་རིགས་ཚོང་འགྲེམས་བྱེད་མཁན་གྱི་ཚོང་ཁང་ཚང་མའི་ནང་ལྟ་ཞིབ་བརྙན་ལེན་པར་ཆས་འཛུགས་དགོས་པའི་སྐོར་སོགས་འཁོད་ཡོད་པ་རེད།
ཤིན་ཅང་ས་གནས་སུ་བརྒྱུད་ལམ་ལ་དམ་བསྒྲགས་ཀྱི་སྲིད་ཇུས་དེ་ལྟར་འཛིན་ནས་གཙོ་བོ་ས་གནས་ནང་ཁྲིམས་འགལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བ་ཟེར་བའི་ནང་དོན་རིགས་འཁོད་པའི་གནས་ཚུལ་བརྒྱུད་སྤེལ་བྱ་རྒྱུར་འགོག་ཐབས་ཆེད་ཡིན་པའི་སྐོར། ཧྲང་ཧེ་ཉིན་རེའི་དབྱིན་ཡིག་ཚགས་ཤོག་ཐོག་ས་གནས་དཔོན་རིགས་ཀྱི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་བཀོད་ཡོད་འདུག
གསར་འགོད་པ་འཆི་མེད།