རྒྱ་ནག་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲྭ་འཛུགས་སྐྲུན་བྱ་རྒྱུ།
2008.12.07
༄༅༎རྒྱ་ནག་གི་དབུས་ཧུའུ་པེ་ཞིང་ཆེན་ནང་ཐེངས་དང་པོ་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲྭ་འཛུགས་སྐྲུན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
དེ་ཡང་ཧུའུ་པེ་ཞིང་ཆེན་གྱི་གྱི་ས་གནས་འཆར་འགོད་ལྷན་ཁང་གི་དཔོན་རིགས་ནས་དེ་རིང་བཤད་དོན་ལྟར་ན་ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ཞང་ཉིང་ནང་རྡུལ་ཕྲན་གྱི་བཟོ་གྲྭ་འཛུགས་སྐྲུན་བྱེད་ཡུལ་དུ་གནས་སྡོད་མི་དམངས་རྣམས་ས་གནས་གཞན་དུ་གནས་སྤོ་བྱ་རྒྱུའི་ལས་དོན་འགོ་བཙུགས་ཟིན་པ་མ་ཟད་བཟོ་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ་འགྲིམས་འགྲུལ་གྱི་འགྲོ་ལམ་ཡང་གསར་པ་འཛུགས་སྐྲུན་དང་ཡར་རྒྱས་བཏང་ཟིན་ཡོད་ཅིང་བཟོ་གྲྭ་དངོས་སུ་འཛུགས་སྐུན་གྱི་ལས་གཞི་དེ་ས་གནས་ཀྱི་ཁོར་ཡུག་གི་གནས་སྟངས་ཐག་གཅོད་བྱུང་མཚམས་གང་མགྱོགས་འགོ་བཙུགས་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་ལས་དུས་ཚོད་ག་དུས་ཙམ་འགོ་བཙུགས་བྱ་རྒྱུ་ཡིན་མིན་གྱི་ཁ་གསལ་ཚེས་བྱ་གཏན་འཁེལ་བཤད་མེད་པ་རེད། ད་རེས་ཀྱི་རྡུལ་ཕྲན་བཟོ་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་དེ་ནི་ཐོག་མར་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་རྡུལ་ཕྲན་ནུས་ཤུགས་ལས་ཁང་དང་ཧུའུ་པེ་ཞིང་ཆེན་གྱི་ས་གནས་སྲིད་གཞུང་བར་ལ་མཉམ་འབྲེལ་གྱིས་འཛུགས་སྐྲུན་བྱ་རྒྱུའི་མོས་མཐུན་བྱུང་སྟེ་ཕྱི་ཟླ་དྲུག་པའི་ནང་ཀོང་ཏུང་ཞིང་ཆེན་གྱི་ནུས་ཤུགས་ལས་ཁང་དང་ཧུའུ་པེ་ཞིང་ཆེན་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཧུའུ་པེ་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་ལས་ཁང་ཞེས་པ་གསར་འཛུགས་བྱས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་དྲུག་ནང་ལ་རྡུལ་ཕྲན་གྱི་བཟོ་གྲྭ་ཁག་བཅུ་གཅིག་ཡོད་པ་དང་ཡིན་ནའང་ཚང་མ་ཤར་ཕྱོགས་མཚོ་ཁའི་གྲོང་ཁྱེར་ནང་འཛུགས་སྐྲུན་བྱས་ཡོད་ཅིང་དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་འཕེལ་ཚད་མགྱོགས་སུ་འགྲོ་བའི་སྐབས་རྒྱ་ནག་ནང་ནུས་ཤུགས་ཀྱི་མི་འདེངས་བའི་དཀའ་ངལ་འཕྲད་བཞིན་པར་བརྟེན་ནས་རྒྱ་ནག་ཕྱོགས་ནས་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲྭ་མང་ཙམ་འཛུགས་སྐྲུན་བྱས་ཏེ་ཕྱི་ལོ་༢༠༢༠ནང་ཚུད་ལ་ནུས་ཤུགས་ཀྱི་བརྒྱ་ཆ་བཞི་ཙམ་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་དང་དེ་ཡང་ད་ལྟའི་ནུས་ཤུགས་མཁོ་འདོན་བྱེད་པ་ནས་ལྡབ་གཅིག་གིས་མང་བ་མཁོ་སྤྲོད་བྱ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད༎