རྒྱ་ནག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏང་རྒྱུ་རེད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ནང་ཁུལ་བློ་ཁ་མི་མཐུན་པ་ཚོར་གདོང་ལེན་དང་སོ་སོའི་སྒེར་གྱི་དབང་ཆ་གོང་མཐོར་གཏོང་རྒྱུ་དམིགས་པ་ཞིག་ཡིན་པ་བརྗོད་འདུག འདི་གར་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན་རྒྱ་ནག་དམར་ཤོག་གཞུང་གིས་ཧོ་ཀོང་ཚུད་པའི་རྒྱ་ནག་རྒྱལ་ཡོངས་སུ་སློབ་ཆུང་དང་སློབ་ཆེན་ཁག་དེ་བཞིན་ཆོས་ཕྱོགས་ཀྱི་དགོན་སྡེ་ཁག་བཅས་སུ་རྒྱལ་གཅེས་སློབ་གསོ་ལས་འགུལ་ཤུགས་ཇེ་ཆེ་རུ་གཏོང་རྒྱུ་ཡིན་པ་ཕྱི་ཚེས་༢༠གཟའ་པ་སངས་ཉིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁང་ནང་གནས་ཚུལ་ཐོན་འདུག།གནད་དོན་དབྱེ་ཞིབ་པ་ཚོས་ལས་འགུལ་དེས་དམིགས་ཡུལ་གཙོ་བོ་རྒྱ་ནག་ནང་ཁུལ་དུ་སྲིད་འཛིན་ཞི་ཅིན་ཕིང་ལ་ཆབ་སྲིད་ཀྱི་ཁ་གཏད་བྱེད་མཁན་ཚོར་རྩིས་མེད་གཏོང་ཐབས་ཤིག་རེད་ཅེས་བརྗོད་འདུག
དེ་ཡང་རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་རྩ་ཁྲིམས་རག་ཟིན་གཉིས་པ་དེ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ལ་བསྐྱར་ཞིབ་ཆེད་དུ་ཕུལ་ཡོད་པ་དང་དེ་ནི་གཙོ་བོ་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་གི་རིག་གཞུང་།རྒྱ་ནག་དམར་ཤོག་ཚོགས་པ་དང་སེམས་ཐད་ཉེ་རུང་གཏོང་རྒྱུའི་ངོ་རྟགས་ཆོད་རྒྱུའི་ཆེད་རེད་ཅེས་ཤིན་ཧང་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱལ་གཅེས་སློབ་གསོའི་ཁྲིམས་ལུགས་རག་ཟིན་བསྐྱར་བཅོས་དེ་ལ་རྒྱ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས་མོས་མཐུན་གཏན་འབེབས་བྱེད་རྒྱུ་ཕལ་ཆེ་ངེས་པ་དང་དེའི་ནང་ད་དུང་ཆོས་ཕྱོགས་མི་སྣ་དང་དད་པ་བྱེད་མཁན་ཚོར་ཆེད་དུ་དམིགས་པའི་ཆ་རྐྱེན་སོགས་ཀྱི་བརྗོད་ཚིག་གསལ་ཁ་བཀོད་ཡོད་པ་རེད་འདུག།དེ་བཞིན་གཟའ་འཁོར་རྗེས་མ་ཧོ་ཀོང་གི་དབུ་ཁྲིད་John Lee ལགས་ཀྱིས་ལོ་འཁོར་སྲིད་ཇུས་ཀྱི་གཏམ་བཤད་སྤེལ་སྐབས་སུ་རྒྱལ་ཅེས་རིང་ལུགས་ཀྱིས་སློབ་གསོ་ལག་བསྟར་དང་འབྲེལ་གསལ་བསྒྲགས་དགོས་པ་ནད་བསྐུལ་བྱེད་འདུག།ཐེ་ཝན་དུ་བཞུགས་པའི་སྨྲ་བརྗོད་རང་དབང་གི་འཐབ་རྩོད་པ་Zhou Shuguang ཟེར་བ་ཁོང་གིས་རྒྱལ་གཅེས་སློབ་གསོ་ཞེས་པ་བཤད་སྟངས་མ་འདྲ་བ་ཞིག་མ་གཏོགས་ཕྱོགས་གཞན་ནས་བཤད་ན་ཀླད་པ་བཀྲུས་པའི་དོན་རེད་ཅེས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐབས་ལམ་བརྒྱུད་ནས་གཙོ་བོ་དོ་དམ་དབང་བསྒྱུར་བྱེད་རྒྱུ་ཆེད་དུ་རེད་ཅེས་བརྗོད་འདུག བོད་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་ལོ་བཅུ་ཕྲག་སྔོན་ནས་སྤེལ་ཡོད་པ་དང་བོད་དོན་མཁས་པ་ཚོས་བརྗོད་ན་དེ་ནི་རྒྱ་ནག་གཞུང་གིས་བོད་མིས་རྒྱ་གཞུང་ལ་ཡིད་ཆེས་སྐྱེས་པ་བཟོ་ཕྱིར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ལ་བརྟེན་གྱི་ཡོད་པ་དང་ཕྱོགས་མཚུངས་སློབ་གསོའི་ལས་འགུལ་སྤེལ་རིང་རྒྱུན་གཏན་ཆོས་སྤྱོད་སློབ་གཉེར་གྱི་གོ་སྐབས་མེད་པར་མི་འདོད་བཞིན་དུ་རྩ་བའི་བླ་མར་སྐུར་འདེབས་བྱེད་བཅུག་པ་སོགས་བོད་ཀྱི་དགོན་སྡེ་ཁག་ནང་དྲག་ཤུགས་དང་བཙན་ཤུགས་ཀྱི་ཐོག་ནས་སློབ་གསོའི་ལས་འགུལ་སྤེལ་ཏེ་ལུས་སེམས་གཉིས་ལ་དཀའ་ངལ་ཆེ་པོ་བཟོས་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།