རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དམ་བསྒྲགས་བྱེད་འཆར།
2009.06.24
༄༅༎རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་ཐོག་ལ་རིང་མིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དོན་རྐྱེན་རིགས་འགོག་ཐབས་ཀྱི་ཆེད་དུ་སྲུང་སྐྱོབ་དམག་མི་དང་དང་བླངས་ཞབས་ཞུ་བ་ཁྱོན་ས་ཡ་ཕྱེད་ཀ་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་པེ་ཅིང་གྲོང་ཁྱེར་བདེ་འཇགས་ལས་ཁང་གི་འགན་འཛིན་མཱ་ཀྲེན་ཁྲུན་གྱིས་དུས་དྲན་མཛད་སྒོར་འགོག་རྐྱེན་གང་ཡང་མེད་པར་ལམ་ལྷོང་ཡོང་རྒྱུ་དེ་ནི་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད་ཅེས་དང་ཁོང་གི་བདེ་འཇགས་ལས་ཁང་ནས་ན་ནིང་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚུགས་པའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཉམས་མྱོང་གི་བསླབ་བྱ་ལེན་རྒྱུ་ཡིན་པའི་སྐོར་བཤད་ཡོད་ཅིང་ཕྱི་ཟླ་བཅུ་པའི་ཚེས་གཅིག་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཞིག་ཡིན་པ་དང་དུས་ཆེན་གྱི་མཛད་སྒོའི་ཉིན་ཕྱི་རྒྱལ་གྱི་དཔོན་རིགས་དང་གནད་ཡོད་མི་སྣ་ཁག་མཉམ་ཞུགས་བྱ་རྒྱུ་དང་དམག་མིའི་རུ་སྒྲིག་གཏོང་རྒྱུ་སོགས་བྱེད་སྒོ་སྣ་མང་ཞིག་སྤེལ་རྒྱུ་ཡིན་པ་རེད། ཡིན་ནའང་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱལ་དོན་དུས་ཆེན་ཉིན་འགྲེམས་འཇོག་བྱ་རྒྱུའི་བདེ་འཇགས་དམག་མི་དང་དང་བླངས་ཞབས་ཞུ་བ་ས་ཡ་ཕྱེད་ཀ་བསྡོམས་རྩིས་བཏོན་པ་དེའི་ནང་དུ་ཉེན་རྟོག་པ་ཚུད་མེད་པ་དང་ཉེན་རྟོག་པ་ཇི་ཙམ་འགྲེམས་འཇོག་བྱེད་ཀྱི་ཡོད་མེད་ཀྱི་གྲངས་ཀ་ད་ལྟའི་འཆར་ཐག་གཅོད་བྱུང་མེད་པའི་སྐོར་བཀོད་ཡོད་པ་རེད། རྒྱ་ནག་ཉིན་རེའི་ཚགས་པར་ཐོག་ལ་རྒྱ་ནག་གཞུང་གིས་རྒྱལ་དོན་དུས་ཆེན་ལམ་ལྷོང་དང་ཚགས་ཚུད་ཡོང་རྒྱུའི་ཆེད་དུ་རེས་གཟའ་ལྷག་པ་ནས་བདེ་འཇགས་ལས་དོན་དམ་བསྒྲགས་ལས་དོན་འགོ་འཛུགས་བྱ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད།