རྒྱ་ནག་གིས་བོད་ཀྱི་ས་ཁུལ་གང་སར་ཉི་ནུས་གློག་འདོན་ས་ཚིགས་ཆེད་འཛུགས་བྱེད་བཞིན་པ་དེས་རྩ་ཐང་དང་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཡོང་གི་ཡོད་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་བོད་ནང་ཉི་ནུས་གློག་འདོན་ས་ཚིགས་འབོར་ཆེན་ཆེད་འཛུགས་བྱེད་པར་བརྟེན་ཉེ་འཁོར་རྩ་ཐང་ཁག་ཏུ་རྩ་མི་སྐྱེས་བར་བྱེ་ཐང་ཅན་དུ་འགྱུར་བ་དང་། ལོ་གཅིག་གཉིས་རྗེས་མགྱིག་ཤེལ་གྱི་གད་སྙིགས་སོགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་དང་། ཕྱུགས་ཟོག་སེམས་ཅན་འཚོ་གནས་མི་ཐུབ་པར་འབྲོག་པའི་འཚོ་བར་དོ་ཕོག་ཤུགས་ཆེར་འགྲོ་བཞིན་ཡོད་པ་རེད།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་ཉི་ནུས་གློག་འདོན་ས་ཚིགས་འབོར་ཆེན་ཆེད་འཛུགས་བྱེད་བཞིན་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་མངའ་རིས་ས་ཁུལ་ཆུ་གསུམ་རྫོང་སྐྱ་བ་གྲོང་ཚོ་དང་། ཉག་ཆུ་རྫོང་ཧོར་ལུང་ཡུལ་ཚོ། རྔ་བ། མཆོ་སྔོན་བྲག་དཀར་རྫོང་། མི་ཉག་གི་ས་ཁུལ་མང་དག་ཅིག་ཏུ་ཉི་ནུས་གློག་འདོན་ས་ཚིགས་གཞི་རྒྱ་ཆེན་པོས་སྐྲུན་བཞིན་ཡོད་པ་ལས། འཛུགས་སྐྲུན་དེ་དག་མང་ཆེ་ཤོས་རྒྱ་ནག་གི་ཁེ་གཉེར་ཚོང་ལས་བཟོ་གྲྭ་ཁག་གིས། རྫོང་དང་ས་གནས་སྲིད་གཞུང་གི་མགོ་ཁྲིད་དང་ངན་འབྲེལ་གྱིས་གན་རྒྱ་བཞག་སྟེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ལས། ཉི་ནུས་གློག་འདོན་གྱི་འོད་ཤུགས་རྐྱེན་གྱིས་ཉེ་འཁོར་རྩ་ཐང་ཁག་ཏུ་རྩ་མི་སྐྱེས་བར་བྱེ་ཐང་ཅན་དུ་འགྱུར་བ་དང་། ལོ་གཅིག་གཉིས་རྗེས་མགྱིག་ཤེལ་གྱི་གད་སྙིགས་སོགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་དང་། ཕྱུགས་ཟོག་སེམས་ཅན་འཚོ་གནས་མི་ཐུབ་པར་འབྲོག་པའི་འཚོ་བར་དོ་ཕོག་ཤུགས་ཆེར་འགྲོ་གཞིར་གྱུར་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་ཉི་ནུས་གློག་འདོན་འཛུགས་སྐྲུན་ཤུགས་ཆེར་བྱེད་མགོ་བཙུགས་ཡོད་པ་ལས། ཕྱི་ལོ་ ༢༠༢༣ ལོར་བོད་ནང་གི་ཉག་ཆུ་རྫོང་གི་རྩ་ཐང་དུ་འཛམ་གླིང་གི་ཆེས་ཆེ་བའི་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་གྱིས་ས་གནས་འབྲོག་པ་ཚོར་གུན་གསབ་སོགས་གང་ཡང་མེད་པར་གནས་སྤོ་དང་། ཉེ་སྔོན་ཕྱི་ཟླ་ ༣ ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་མངའ་རིས་ས་ཁུལ་ཆུ་གསུམ་རྫོང་སྐྱ་བ་གྲོང་ཚོའི་ནང་ཉི་ནུས་གློག་འདོན་མ་ལག་ཆེ་ཤོས་སྒོ་འབྱེད་ཀྱིས་གློག་གཏོང་མགོ་ཚུགས་ཡོད་པ་བཞིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བོད་ནང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ནས། སྤྱི་བཏང་གིས་ཉི་ནུས་གློག་འདོན་གྱི་བྱེད་ནུས་དེ་ཁོར་ཡུག་ལ་ཕན་པའི་ལས་དོན་ཞིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་གི་རྩྭ་ཐང་དང་ས་ཁུལ་ཁག་ཏུ་ཧ་ཅང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་བྱེད་སྟངས་དེས། ས་ཁུལ་འབོར་ཆེན་ལ་ཉི་འོད་མི་ཕོག་པས་བྱེ་ཐང་ཅན་ལ་འགྱུར་བ་དང་། འཛུགས་སྐྲུན་སྐབས་རྩ་ཐང་དང་ཁོར་ཡུག་ལ་གད་སྙིགས་བཟོ་བ། སེམས་ཅན་འཚོ་སྐྱོང་གི་ཁོར་ཡུག་རྩ་མེད་ཀྱིས་བོད་ཀྱི་འབྲོག་པའི་འཚོ་གནས་ལ་དོ་ཕོག་འབྱུང་གཞིར་གྱུར་ཡོད་པས། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་བྱེད་སྟངས་དེ་རིགས་ཀྱིས་བོད་ཀྱི་ཁོར་ཡུག་ཐད་བསམ་བློ་གང་ཡང་གཏོང་གི་མེད་པས། ང་རང་གི་ངོས་ནས་འཛུགས་སྐྲུན་ལས་འཆར་དེ་རིགས་ལ་ངོ་རྒོལ་ཡོད་པ་མ་ཟད། ཚང་མས་དོ་སྣང་དགོས་པ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དཔེར་ན། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས། ཉག་ཆུའི་རྩ་ཐང་དུ་ཉི་ནུས་གློག་འདོན་གསར་འཛུགས་བྱེད་ཡུལ་དུ་རྩྭ་ཐང་རྒྱ་ཁྱོན་ཆེན་པོ་བེད་མེད་བཏང་བས། ས་གནས་ཡུལ་མི་ཚོས་སྲིད་གཞུང་ལ་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞུ་གཏུགས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པར་རྩྭ་ཐང་བཙན་འཕྲོག་བྱས་ཡོད་པ་འབྲེལ་ཡོད་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་ལ། ཉེ་སྔོན་ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་མངའ་རིས་སྐྱ་བ་གྲོང་ཚོའི་ནང་ཉི་ནུས་གློག་འདོན་སྒོ་འབྱེད་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་ལ་བདག་གཅེས་ཡིན་ཁུལ་གྱིས། བོད་ནང་གི་ཆུ་དང་ཉི་གློག་གི་ནུས་པ་གསོག་སྒྲུབ་ལས་གཞི་སྤེལ་བཞིན་ཡོད་ནའང་། ཆུ་དང་ཉི་གློག་བཟོ་སྐྲུན་ལས་གཞི་དེ་རང་གི་ཆེད་དུ་བོད་ནང་གཏེར་ཁ་སྔོག་འདོན་ཆེ་རུ་བཏང་ནས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་ཡོད་པ་མ་ཟད། ལས་གཞི་དེའི་ཁེ་ཕན་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་དང་། རྒྱ་རིགས་ཚོང་པ་ཚོར་རག་གི་ཡོད་པ་ནན་བརྗོད་གནང་ཡོད། །
བོད་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་རྐྱེན་གྱིས་གཞི་རྒྱ་ཆེ་བའི་རང་བྱུང་རྩ་ཐང་དང་ཁོར་ཡུག་གི་མཐུན་རྐྱེན་མང་དག་ཅིག་ཡོད་པས། བོད་མི་ཚོས་མི་རབས་ནས་མི་རབས་དུ་རྩྭ་ཐང་དང་ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ལས་འཆར་མང་པོ་ཞིག་གིས་བོད་ཀྱི་གདོད་མིའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་དོ་ཕོག་དང་། རང་གི་ས་གནས་ནས་འཚོ་གནས་མི་ཐུབ་པའི་གནས་སུ་སྐྱེལ་བཞིན་པའི་གནས་སྟངས་བྱུང་གི་ཡོད་པ་དང་། གཙོ་བོ་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་ཀྱི་ནང་དོན་ཡིན་སྐོར་བརྗོད་ནས། བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་བདག་བཟུང་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་བོད་ནང་གི་བསང་ཆུ་རྫོང་གི་འབྲོག་པ་ཚོར་སྨི་ཁྲི་ ༡༥༥ ལྷག་གི་རྩྭ་ཐང་ཁུལ་དུ་ཕྱུགས་ཟོག་འཚོ་མི་ཆོག་པའི་བཀོད་ཁྱབ་བཏང་སྟེ་རྩྭ་ཐང་གཞུང་བཞེས་བཏང་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཁྲིན་ཏུའུ་རྫོང་གི་འབྲོག་སྡེ་ཁག་ཏུ་དེ་སྔ་རྩྭ་སའི་བདག་དབང་ལོ་ ༥༠ རིང་འབྲོག་པ་ཚོར་ཡོད་ལུགས་བརྗོད་པའི་རྩྭ་སའི་འཛིན་ཡིག་ཅེས་པ་ཕྱིར་བསྡུ་བྱས་ཏེ་རྩྭ་ས་གཞུང་གི་བདག་བཟུང་གིས། གཞུང་འབྲེལ་གྱི་གཏེར་ཁ་སྔོག་འདོན་དང་གཞུང་ལམ་འཛུགས་སྐྲུན། སྤྱི་གླིང་འཛུགས་སྐྲུན་སོགས་བྱས་ཏེ་ཞིང་འབྲོག་མང་ཚོགས་རང་ས་གནས་ཕྱིར་ཕུད་དང་གནས་སྤོ་སོགས་ཀྱི་ལས་དོན་ཤུགས་ཆེར་སྤེལ་བཞིན་ཡོད་པ་རེད། །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།