རྒྱ་ནག་གིས་ཨ་རིའི་ཐའེ་ལྦན་ལ་གོ་མཚོན་ཚོང་མཁན་ལ་ཉེན་བརྡ།
2010.01.30
༄༅༎ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་བྱེད་མཁན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཚོར་རྒྱ་ནག་གིས་དཔལ་འབྱོར་ཐོག་ནས་དམ་བསྒྲགས་བཀག་སྡོམ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དེས་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བར་ཕོག་ཐུག་འགྲོ་ཉེན་ཆེན་པོ་ཆགས་ཡོད་པ་རེད།
རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང༌། རྒྱ་ནག་གི་ཐའེ་ལྦན་ལས་དོན་ཁང་བཅས་ཀྱིས་ཨ་མི་རི་ཀར་གཅིག་མཇུག་གཉིས་མཐུད་ཉེན་བརྡ་བཏང་ཡོད་ཅིང་།
ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་བྱས་པ་ཡིན་ན་གཙོ་བོ་རྒྱ་ནག་དང་ཨ་རི་གཉིས་དབར་རྒྱལ་སྤྱིའི་གནད་དོན་ཆེ་ཁག་དང་མངའ་ཁུལ་གྱི་གནད་དོན་བཅས་ཀྱི་འབྲེལ་བར་དོ་ཕོག་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡ་ཕེ་ཡིས་པེ་ཅིང་དུ་བཅའ་ཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ཇོན་ཧན་སི་མེན་ལ་། གལ་ཏེ་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་བྱ་རྒྱུའི་ཐག་གཅོད་དེ་ཕྱིར་འཐེན་མ་བྱས་ཚེ་མཇུག་འབྲས་ངན་པ་ཡོང་རྒྱུའི་འགན་འཁུར་ཨ་མི་རི་ཀས་ལེན་དགོས་ཀྱི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་མ་ཟད།
རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བའི་ནང་ཐའེ་ལྦན་དེ་བཞིན་གལ་ཆེ་དང་འགག་རྩའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་རྒྱ་མིའི་ཕྱི་སྲིད་བློན་ཆེན་གཞོན་པས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཁེ་ས་སྲིད་འཛིན་ཨོ་བ་མའི་གཞུང་སྲིད་འཛིན་སྐྱོང་གིས་མ་གནད་ཨ་རིའི་ཌོ་ལར་ཐེར་འབུམ་༦དང་དྲུང་ཁྱུར་༤ཙམ་གྱི་འཁྲུག་འཛིངས་གནམ་གྲུ་དང་དམག་དོན་ཡོ་ཆས་ཁག་ཐའེ་ལྦན་ལ་ཚོང་སྒྱུར་གནང་རྒྱུའི་འཆར་གཞི་གྲོས་ཚོགས་ཐོག་སྙན་སྒྲོན་ཞུས་གནང་ཡོད་པ་རེད།
རྒྱ་ནག་གིས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་བྱེད་མཁན་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་ཐོག་དཔལ་འབྱོར་གྱི་དམ་དྲག་བཀག་སྡོམ་བྱ་རྒྱུ་དང༌། རྒྱ་ནག་དང་ཨ་རི་གཉིས་དབར་དྲག་པོའི་དཔུང་དམག་བརྗེ་ལེན་གྱི་ལས་འཆར་དང༌། སྲུང་སྐྱོབ་
འཐབ་ཇུས་དང་གོ་མཚོན་ཁྱབ་གདལ་དུ་མི་འགྲོ་བའི་ལས་དོན་ཐད་ཕྱོགས་གཉིས་དབར་གྲོས་བསྡུར་གྱི་ལས་འཆར་རིགས་མཚམས་འཇོག་བྱ་རྒྱུའི་ཉེན་བརྡ་ཡང་བཏང་འདུག།