བོད་ནང་གི་གནམ་ཐང་རྒྱ་ནག་མཁའ་དམག་གིས་སྦྱོང་བརྡར།
2010.09.03
༄༅༎བོད་ནང་གསར་དུ་རྒྱབ་པའི་གནམ་ཐང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཉེ་ཆར་བོད་ནང་མཁའ་ཐོག་དམག་དོན་སྦྱོང་བརྡར་བྱས་ནས་ དེའི་ནང་Sukhoisརྟགས་ཅན་གྱི་དམག་གི་གནམ་གྲུ་ཡང་ཐོག་མར་བརྟག་དཔྱད་བྱས་ཡོད་པའི་སྐོར་རྒྱ་གར་གྱི་ཚགས་ཤོག་Indian Expressཞེས་པའི་དྲ་གནས་ཀྱི་གསར་འགྱུར་ཐོག་གནས་ཚུལ་སྤེལ་འདུག
ད་ལྟའི་ཆར་བོད་ནང་Sukhoisརྟགས་ཅན་གྱི་དམག་གི་དམག་གྲུ་འཕུར་སྐྱོད་ཐུབ་པའི་གནམ་ཐང་བདུན་ཙམ་ཡོད་པ་དང་ དེའི་ནང་ནས་གཉིས་ཉེ་བའི་ཆར་གསར་དུ་སྐྲུན་པ་ཡིན་ཞིང་ མཁའ་ཐོག་དམག་དོན་སྦྱོང་བདར་དེ་བཞིན་ཟླ་བ་གཉིས་ཙམ་གྱི་གོང་བྱས་ཡོད་པ་དང་ ཡིན་ནའི་དེའི་ཞིབ་ཕྲའི་གནས་ཚུལ་ཉིན་ཁ་ཤས་གི་གོང་ རྒྱ་གར་སྲུང་སྐྱོབ་ལས་ཁང་གིས་སྲུང་སྐྱོབ་ལས་དོན་སྐྱར་ཞིབ་བྱེད་པའི་སྐབས་ཕྱི་ཕྱོགས་ནས་ཤེས་རྟོགས་ཐུབ་ཡོད་པ་དང་ ཡིན་ནའི་རྒྱ་གར་བདེ་འཇགས་སྲུང་སྐྱོབ་ལས་ཁང་གིས་རྒྱ་ནག་གི་བོད་ནང་མཁའ་ཐོག་དམག་དོན་སྦྱོང་བརྡར་བྱེད་ཡས་དེ་རིགས་ཀྱིས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོ་མི་སྲིད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་
གནས་ཚུལ་ནང་བཀོད་པར་གཞིགས་ན་ རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་ཉེ་ཆར་བོད་ནང་མཁའ་ཐོག་དམག་དོན་སྦྱོང་བརྡར་བྱེད་ཡས་དེ་བཞིན་ས་གནས་རིམ་པའི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་ ཡིན་ནའི་དེའི་ཐོག་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དམག་འཐབ་བྱེད་ཕྱོགས་དེ་སྔོན་གྱི་ལམ་བུའི་ཐོག་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ལམ་དུ་སྐྱོད་བཞིན་པའི་རྣམ་པ་ཕྱིར་བཏོན་པ་ཞིག་ཡིན་པ་མ་ཟད་ མ་འོངས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་འཐབ་བྱེད་ཕྱོགས་དེ་བཞིན་དེང་དུས་ཚན་རིག་ལག་རྩལ་ལྡན་པའི་དམག་དོན་འཐབ་བྱུས་འཛིན་རྒྱུའི་ཕྱོགས་སུ་སྐྱོད་རྒྱུའི་སྤོབས་པ་ཕྱིར་བཏོན་པ་ཞིག་ཡིན་ལུགས་བཀོད་འདུག རྒྱ་ནག་གཞུང་གིས་ད་ལོ་ལོ་སྟོད་ནས་བཟུང་བོད་ནང་དམག་དོན་གྱི་སྦྱོང་བརྡར་རིགས་ཐེངས་ཁ་ཤས་སྤེལ་ཡོད་པ་དང་ དེ་ཚོའི་ནང་བོད་ནང་གསར་དུ་སྐྲུན་པའི་རི་ལིའི་ལྕགས་ལམ་ཐོག་ནས་རི་ལིའི་ནང་དམག་དོན་གྱི་མཁོ་ཆས་དབོར་འདྲེན་དང་ དེ་མིན་གྱི་དམག་དོན་སྦྱོང་བརྡར་ཡང་ཐེངས་མང་པོ་ཞིག་བྱས་ཡོད་ཅིང་ ཡིན་ནའི་ད་རེས་Sukhoisརྟགས་ཅན་གྱི་དམག་གི་གནམ་གྲུ་ཚུད་པའི་མཁའ་ཐོག་དམག་དོན་སྦྱོང་བརྡར་བྱེད་ཡས་ཐོག་མ་དེ་ཡིན་པ་རེད་