གུང་བྲན་ཏང་གི་དབང་ཆར་ཉེན་ཁ་བཟོ་མཁན་ཐོག་དྲག་གནོན།
2009.12.28
༄༅༎རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ལུའི་ཤའོ་ཕུའུར་བཙོན་བཅུག་གི་ཉེས་ཆད་བཏང་ནས་ཉིན་ཤས་ལས་མ་སོང་བའི་རྗེས་རྒྱ་གཞུང་གི་དཔོན་རིགས་ཞིག་གིས་གུང་བྲན་ཏང་གི་དབང་ཆར་ཉེན་ཁ་བཟོ་མཁན་ཐོག་དྲག་གནོན་བྱེད་རྒྱུའི་གཏམ་བཤད་དེ་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་འགྲེམས་སྤེལ་བྱས་ཡོད་པ་རེད་
དེ་ཡང་རྒྱ་ནག་གི་སྤྱི་བདེ་མི་སྣའི་བློན་ཆེན་གཞོན་པ་ཡང་ཧའི་ནིན་ཡིས་ཕྱི་ཚེས་བཅོ་བརྒྱད་ཉིན་གཏམ་བཤད་ནང་གུང་བྲན་ཏང་གི་དབང་ཆར་ཉེན་ཁ་དེ་སྲིད་དོན་གྱི་ཁ་གཏད་དང་བོད་དང་ཤིན་ཅང་གི་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་སོགས་ཡིན་སྐོར་གཏམ་བཤད་དེ་ཤིན་ཧ་གསར་འགྱུར་ལས་ཁང་གིས་རེས་གཟའ་ཟླ་བ་ཉིན་དཔར་བསྐྲུན་བྱས་ཡོད་པ་རེད་ ཡང་ཡི་གཏམ་བཤད་དེའི་ནང་ནུབ་ཕྱོགས་པའི་རྒྱ་ནག་གི་ཁ་གཏད་པ་ཚོས་རྒྱ་ནག་ནུབ་ཕྱོགས་པའི་ལམ་ལུགས་ཤིག་ལ་འགྱུར་ཐབས་དང་རྒྱ་ནག་ནང་ཆིག་བསྒྲིལ་མེད་པ་དང་རྒྱལ་ཁབ་ཕན་ཚུན་བར་འཁྲུག་རྐྱེན་དང་ཟིང་ཆ་གཏོར་རྒོལ་གཏོང་རྒྱུ་དེ་དག་གིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་སྤྱི་ཚོགས་ནང་བརྟན་ལྷིང་མེད་པ་བཟོ་རྒྱུའི་ཉེན་འཚབ་ཡོད་སྐོར་བཤད་ཡོད་པ་རེད་ ཡང་རྒྱ་ནག་གི་སྤྱི་བདེ་མི་སྣའི་བློན་ཆེན་གཞོན་པ་ཡང་ཡིས་རྒྱལ་ནང་དང་ཕྱི་རྒྱལ་གྱི་དགྲ་བོ་ཁག་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་ཚུར་རྒོལ་བྱེད་མ་ཐུབ་པ་དང་སྔ་ས་ནས་གྲ་སྒྲིག་གང་གཟབ་དགོས་སྐོར་བཤད་ཡོད་པ་རེད་ གོང་ཞུས་རྒྱ་ནག་གི་སྤྱི་བདེ་མི་སྣའི་བློན་ཆེན་གཞོན་པས་གཏམ་བཞད་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་ནང་སྲིད་དོན་ཐོག་གུ་ཡང་གཏོང་ན་དེའི་མཇུག་འབྲས་དེ་ག་འདྲ་ཡོང་མིན་ཤེས་ཀྱི་ཡོད་པ་དང་སྤྱི་ཚོགས་ནང་ཟིང་ཆ་བྱུང་ན་དལྟའི་སྲིད་དོན་གྱི་ལམ་ལུགས་དེས་བཏང་འཛིན་བྱེད་མ་ཐུབ་དེ་ཤེས་ཀྱི་ཡོད་སྐོར་རྒྱ་ནག་ནང་སྲིད་དོན་ཐོག་གུ་ཡང་གཏོང་རྒྱུར་ལས་འགུལ་སྤེལ་མཁན་དང་རྒྱ་གཞུང་གི་ལས་བྱེད་ཟུར་པ་ཡུ་མི་སུན་ཡིས་བརྗོད་ཡོད་པ་རེད༎