ནང་སོག་གི་དཀའ་ངལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་བརྗེད་སྐོར།
2008.07.08
༄༅༎པེ་ཅིང་དུ་ཨོ་ལིམ་པིག་མ་ཚུགས་སྔོན་རྒྱ་ནག་གཞུང་གིས་དམིགས་ཀར་དྲག་གནོན་ཤུགས་ཆེ་བྱ་ཡུལ་ བོད་མི་དང་ ཤར་ཏུར་ཀིསི་ཐན་གྱི་ཁ་ཆེ་མི་རིགས་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱུང་ཡོད་ཅིང་ འོན་ཀྱང་རྒྱ་ནག་གཞུང་གིས་དམིགས་ཀར་དྲག་གནོན་བྱ་ཡུལ་གྱི་མི་རིགས་གཞན་ཞིག་སྟེ་ སོག་པོའི་མི་རིགས་ཀྱི་གནད་དོན་ཐད་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ལ་ཡང་བཀོད་སྤེལ་དེ་ཙམ་བྱུང་མེད་ལ་ རྒྱལ་སྤྱིའི་ཐོག་ལ་ཡང་དྲིལ་བསྒྲགས་ཧ་ལམ་བྱུང་མེད་པ་རེད་
ནང་སོག་ནི་རྒྱ་ནག་གི་བྱང་ཕྱོགས་སུ་ཡོད་པ་དང་ བོད་དང་ཤིན་ཅང་ལྟ་བུ་ས་ཁུལ་དེའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེའི་རིགས་བྱུང་མེད་ན་ཡང་ རྒྱ་ནག་གཞུང་གིས་མངོན་ཆུང་གི་ཐོག་ནས་ཁ་བྲལ་བ་སོགས་ཀྱི་མིང་བཏགས་སྟེ་མི་མང་པོ་ཞིག་འཇུ་བཟུང་བྱེད་བཞིན་ཡོད་པ་ ནང་སོག་གི་རྒྱལ་ས་ཧོ་ཧུཏ་ནས་རོཡེ་ཀྲརསི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་ སོག་ཡུལ་ལྷོ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཁྱབ་སྤེལ་ཁང་གི་འགན་འཛིན་ ཨེ་ཧེ་སྦ་ཀུ་ ཀྲོ་གོ་ཆོག་ གིས་ བར་ལམ་ནས་ནང་སོག་གི་རྒྱ་ནག་གི་དབང་འའཛིན་པ་ཚོས་རྣམ་རྟོག་ཤུགས་ཆེ་བྱས་སྟེ་ མཐའ་ན་སོག་པོའི་མི་རིགས་ཚོས་བདག་ཏུ་གཉེར་བའི་ཚོང་ཁང་ནང་གྲི་ལ་སོགས་པ་ལག་ཆར་བེད་སྤྱོད་བྱེད་སྲིད་པའི་དངོས་པོ་ཡོངས་རྫོགས་གཞུང་བཞེས་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ནང་ ནང་སོག་གི་ནང་ཧན་མི་རིགས་སྤོ་ཤུད་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ སོག་རིགས་ ན་རན་སྦི་ལིག་ ཉེན་རྟོག་པས་འཇུ་བཟུང་གིས་ ད་ལྟ་བཟང་བཙོན་འོག་གནས་མུས་ཡིན་འདུག་པ་དང་ ཡང་དེའི་གོང་ ཚེ་སྦེག་ཇབ་ ཞུ་བ་ཞིག་ཀྱང་འཇུ་བཟུང་གིས་བཟང་བཙོན་འོག་བཞག་ཡོད་འདུག
ནང་སོག་གི་རྒྱལ་ས་ཧོ་ཧུཏ་ནང་བཅའ་ཞུགས་ ནང་སོག་གི་རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་སྙན་གྲགས་ཆེ་ཤོས་ ཧ་རྡའི་བཟའ་ཟླ་ ཤིན་ནས་ རྒྱ་ནག་གཞུང་གིས་ཆེས་མངོན་ཆུང་གི་ཐོག་ནས་མངའ་སཁུལ་དེའི་ནང་འཇིགས་བསྐུལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་འགྲེལ་བརྗོད་གནང་ཡོད་པ་རེད་
ཧོ་ཧུཏ་གྲོང་ཁྱེར་གྱི་ནང་གི་སོག་པོ་ཞིག་གིས་ བོད་མི་ཚོར་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡོད་ཀྱང་ ང་ཚོར་སུ་ཡང་ཡོད་པ་མ་རེད་ལ་ སུས་ཀྱང་ང་ཚོའི་དཀའ་ངལ་ཤེས་ཀྱི་ཡོད་མ་རེད་ཅེས་ ཁོང་ཚོའི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་སུ་བརྗེས་པ་ལྟ་བུ་ཆགས་ཡོད་པ་བརྗོད་བཞིན་ཡོད་པ་རེད་
རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ ནང་སོག་གི་ནང་རྒྱ་རིགས་ཁྱོན་ཆེ་སྤོ་ཤུད་བྱས་པའི་རྐྱེན་གྱིས་ སོག་པོ་ཚོ་སོ་སོའི་ལུང་པའི་ནང་ཆེས་གྲངས་ཉུང་མི་རིགས་ཞིག་ཏུ་གྱུར་སྟེ་ ད་ཆ་ནང་སོག་ནང་མི་འབོར་ས་ཡ་ཉི་ཤུ་རྩ་བཞི་ཡོད་པའི་ཁོངས་ནས་སོག་རིགས་བརྒྱ་ཆ་ཉི་ཤུ་ཙམ་ལས་ཟིན་གྱི་མེད་པ་རེད།