རྒྱ་ནག་ནས་ཐེ་ཝན་ནང་ཡོང་མཁན་མང་པོ་ཞིག་གི་ཐོངས་མཆན་རྫུན་མ་ཡིན་པ་ཐེར་འདོན།
2019.12.12
རྒྱ་ནག་སྐམ་ས་ཆེན་མོ་ནས་ཐེ་ཝན་ནང་ཡོང་མཁན་མང་པོ་ཞིག་གི་ཐོངས་མཆན་རྫུན་བཟོ་བྱས་ཡོད་པ་ཐེ་ཝན་གཞུང་གིས་ཐེར་འདོན་གྱིས་ཞིབ་འཇུག་བྱེད་བཞིན་ཡོད་འདུག
ཉེ་བའི་ནང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཐེ་ཝན་ནང་ཡོང་མཁན་མང་པོ་ཞིག་གི་ཐོངས་མཆན་རྫུན་བཟོ་བྱས་ནས་ཡོང་ཡོད་པ་ཐེ་ཝན་གཞུང་གིས་རྩད་གཅོད་བྱུང་ཡོད་པ་དང་། ལྷག་པར་དེའི་ནང་རྒྱ་ནག་སྐམ་ས་ཆེན་མོའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཐོངས་མཆན་རྫུན་བཟོ་བྱས་ཏེ་ཐེ་ཝན་ནང་སླེབས་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་ནི་ཐེ་ཝན་གྱི་བདེ་སྲུང་ལའང་ཉེན་འགན་མི་བཟོད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་ཚུལ་གྱིས་ཞིབ་འཇུག་གནང་གི་ཡོད་པ་རེད།
ཐེ་པེ་(Taipei)་རྫོང་སྡེའི་མངའ་ཁུལ་གྱི་ནང་ཚེས་༡༡་གཟའ་ལྷག་པའི་ཉིན་ཞིབ་བཤེར་བྱེད་སྐབས། ད་ཕན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་ལས་མཁས་པ་བརྗེ་ལེན་གྱི་མིང་ཐོག་ནས་ཐོངས་མཆན་རྫུན་བཟོ་བྱས་ནས་ཐེ་ཝན་ནང་སླེབས་པའི་དོགས་གཞི་ཅན་གྱི་མི་ལྔ་འཇུ་བཟུང་གིས་འདྲི་ཞིབ་བྱས་ཡོད་པ་རེད།
ཐེ་ཝན་ས་གནས་ཀྱི་གསར་འགོད་པས་གསུངས་པར། གང་ལྟར་སྤྱི་ལོ་༢༠༡༧་ལོ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐོངས་མཆན་དང་ལག་འཁྱེར་རྫུན་བཟོ་བྱས་ཏེ་ཡོང་མཁན་མི་གྲངས་༥༠༠༠་ཙམ་བྱུང་ཡོད་པ་བརྗོད་འདུག
ཐེ་ཝན་གྱི་གསར་ཤོག་(The Libety Times)་དང་། (The Apple Daily)་སོགས་ཀྱི་ནང་། ཐེ་ཝན་ནང་གནས་སྡོད་བྱེད་མཁན་མི་སྣ་ཁག་ཅིག་གིས་ཡུལ་སྐོར་སྤྲོ་འཆམ་ལས་ཁང་དང་ལག་སྦྲེལ་བྱས་ཏེ། རྒྱ་ནག་སྐམ་ས་ཆེན་པོའི་ཕྱོགས་ནས་ཐེ་ཝན་ནང་འགྲོ་འོང་བྱེད་རྒྱུར་ཐོངས་མཆན་དང་ལག་འཁྱེར་སོགས་བཟོ་རོགས་དང་རྫུན་བཟོ་བྱེད་ཀྱི་ཡོད་པ་དང་། ལྷག་དོན་དུ་དེ་ཚོའི་ནང་ཐེ་ཝན་དང་རྒྱ་ནག་ཆིག་སྒྲིལ་བྱེད་འདོད་ཡོད་པའི་ཚོགས་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་ཡོད་མི་སྣ། མིང་ཁ་གསལ་མེད་པར་ཐེ་ཝན་ནང་རྒྱ་ནག་གི་དྲིལ་བསྒྲགས་མཁན་སོགས་མང་པོ་སླེབས་ཡོད་པའི་རྐྱེན་གྱིས་ཐེ་ཝན་གྱི་བདེ་སྲུང་ལ་ཉེན་འགན་མི་བཟོད་པའི་གནས་སྟངས་ཤིག་ཡོང་བཞིན་པ་གནས་ཚུལ་སྤེལ་འདུག