རྒྱ་ནག་གིས་པ་ཀིསི་ཐན་ལ་གནོན་ཤུགས་སྤྲོད་གལ་ཆེ།


2017.02.14
པ་ཀིསི་ཐན་གྱི་ས་ཁྲ། པ་ཀིསི་ཐན་གྱི་ས་ཁྲ།
google

ཨ་རི་དང་རྒྱ་ནག་གཉིས་ཀྱིས་པ་ཀིསི་ཐན་ཐོག་གནོན་ཤུཊ་སྤྲོད་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་པ་ཨ་རིའི་ཉམས་ཞིབ་ལས་ཁང་ཞིག་གིས་སྙན་ཐོའི་ནང་བཀོད་འདུག
དེ་ཡང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་ཞི་བདེ་ལྟེ་གནས་ཁང་གིས། ཚེས་༡༤་ཉིན་གནད་དོན་འདི་དང་འབྲེལ་བའི་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། པ་ཀིསི་ཐན་དང་རྒྱ་གར་དབར་དམག་འཐབ་ཡོང་རྒྱུའི་ཉེན་ཁ་འགོག་ཐབས་ཀྱི་ཆེད་ཨ་རི་དང་རྒྱ་ནག་གཉིས་ཀྱིས་པ་ཀིསི་ཐན་ཐོག་གནོན་ཤུགས་སྤྲོད་དགོས་པ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་བརྗོད་ཡོད་པ་དང་། པ་ཀིསི་ཐན་ནང་རྟེན་གཞི་བྱེད་པའི་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཀྱི་མི་སྣས་རྒྱ་གར་ནང་གསང་འཛུལ་གྱིས་དྲག་འཐབ་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་ཡིས་མ་འོངས་པར་ཡུལ་གྲུ་གཉིས་དབར་དམག་འཐབ་ཡོང་ཉེན་ཁ་ཆེན་པོ་ཡོད་པ་དང༌། དེ་ལྟར་བྱུང་བ་ཡིན་ན་ལྷོ་ཨེ་ཤེ་ཡའི་ནང་འཁྲུག་རྐྱེན་ཆེན་པོ་ཡོང་བཟོ་ཡོད་སྟབས། ཉེན་ཁ་དེ་འགོག་ཐབས་སུ་པ་ཀིསི་ཐན་གཞུང་གིས་རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཁྲིམས་གཅོད་དང་། དམ་དྲག་བྱེད་དགོས་པའི་གནོན་ཤུགས་ཡུལ་དེ་དང་འབྲེལ་ཐག་ཉེ་པོ་ཡོད་པའི་རྒྱ་ནག་གཞུང་གིས་སྤྲོད་དགོས་པ་ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་རེ་འདུན་བཏོན་དགོས་པ་འཁོད་ཡོད་པ་རེད། ། ད་དུང་སྙན་ཐོ་དེའི་ནང་རྒྱ་གར་ཕྱོགས་ནས་ཀྱང་དེང་སྐབས་རྒྱལ་སྤྱིའི་ནང་པ་ཀིསི་ཐན་ཟུར་དུ་གྲོགས་མེད་ཁེར་རྐྱང་བཟོ་ཐབས་ཀྱི་སྲིད་བྱུས་འཛིན་བཞིན་པ་དེ་དོར་ཏེ་མ་འོངས་པར་ཡུལ་གྲུ་གཉིས་དབར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ་ལས། གལ་སྲིད་པ་ཀི་སུ་ཐན་དང་རྒྱ་གར་དབར་དམག་འཐབ་བྱུང་བ་ཡིན་ཚེ། དེ་ཡིས་ལྷོ་ཨེ་ཤེ་ཡ་ཙམ་མ་ཟད། རྒྱ་ནག་གི་བརྟན་ལྷིང་དང་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་བཟོ་ཡོད་པ་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཤེས་ཐུབ་པ་བཟོ་དགོས་པ་གལ་ཆེན་པོ་ཡིན་སྐོར་བཀོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎