རྔ་པ་ཀིརྟི་དགོན་གྱི་གྲ་གསུམ་ལ་བཙོན་འཇུག་ཁྲིམས་བཅད།
2011.09.19
༄༅༎རྒྱ་མིའི་ཁྲིམས་ཁང་གིས་སླར་ཡང་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་ལ་ལོ་དུས་འདྲ་མིན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག།
ཉིན་ཤས་གོང་རྔ་པ་རྫོང་སྤྲོ་ཚིགས་ཞང་ བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཕ་འཇང་ཁོ་ལགས་ཀྱི་བུ་ལོ་༣༠ཡིན་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚེ་ཁོ་ལང༌། རང་ལོ་༢༢ཡིན་པའི་རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ ཇ་རུ་ཚང་ཚེ་རིང་བཀྲ་ཤིས་ལགས་ཀྱི་བུ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་གཉིས་ལ་ རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ ལོ་གཉིས་དང་ཕྱེད་ཀའི་རིང་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཐག་གཅོད་བྱས་འདུག། དེ་བཞིན་རྔ་བ་རྫོང་བློན་ཚང་སྡེ་བའི་རབ་རྒྱས་ཚང་གི་བུ་ཀིརྟི་དགོན་པའི་དགེ་འདུན་པ་རྡོ་རྗེ་ལགས་སུ་ ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་འདུག། རྡོ་རྗེ་ལགས་ནི་ལོ་༡༦ཡིན་པ་རེད། ཁོང་གསུམ་ཀ་རྒྱལ་གཅེས་དཔའ་བོ་ཕུལ་ཚོགས་ལགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་བཙོན་འཇུག་གི་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་ བོད་གནས་འབྲེལ་མཐུད་པ་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱི་གནས་ཚུལ་བཏང་གནང་འདུག།
སྐུ་ལུས་མེར་བསྲེག་བཏང་ནས་རང་སྲོག་ཤོར་བའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་གཅེན་པོ་བློ་བཟང་དར་རྒྱས་ལགས་འདི་ལོ་ཕྱི་ཟླ་༤ཚེས་༡༢ཉིན་རྒྱ་མིས་བསྐྱར་དུ་འཛིན་བཟུང་བྱས་ནས་བཀག་ཉར་བྱས་ཡོད་པ་དང༌། གཞན་གཉིས་ཀྱང་དུས་ཚོད་དེ་ཡས་མས་ཤིག་ལ་འཛིན་བཟུང་བྱས་ཡོད་པ་རེད། རྩ་བའི་ཆར་ཀིརྟི་དགོན་པའི་ད་ལྟའི་གནས་སྟངས་ནི། ཕྱི་ཟླ་༩ཚེས་ཤར་ནས་བཟུང་ཉིན་གྲངས་༡༥རིང་དགོན་པའི་དགེ་འདུན་པ་ཚོར་དགོན་པ་གཞུང་གིས་གུང་སེང་བཏང་གནང་ཡོད་པ་དང༌། ད་ཆ་གུང་སེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་པ་འབོར་ཆེན་ཞིག་བསྐྱར་དུ་དགོན་པའི་ནང་འབྱོར་ཏེ་གྲྭ་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་བརྗོད་ཀྱི་ཡོད་སྟབས། དགེ་འདུན་པ་ཉུང་ཤས་ཞིག་དགོན་པར་ཕྱིར་ལོག་གནང་ཡོད་པ་ལས། དེ་མིན་མང་པོ་ཞིག་ཕྱིར་ལོག་མ་གནང་བར་ས་ཕྱོགས་གང་སར་འཐོར་ནས་ཡོད་པར་སོང༌། དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་ལྟར་བསུན་བཙིར་ཆེན་པོ་བཟོ་བཞིན་ཡོད་པ་རེད།