ཤིན་ཅང་ཁུལ་སླར་ཡང་མི་ལྔར་སྲོག་ཐོག་ཉེས་ཆད་གཏང་རྒྱུ།
2009.12.24
༄༅༎དེ་ཡང་རྒྱ་ནག་གི་ཤིན་ཅང་མངའ་ཁུལ་གྱི་ས་གནས་སྲིད་གཞུང་གི་མགྲིན་ཚབ་པ་མ་ཤིན་ཆུན་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་པར་ལྟར་ན།འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ཁུལ་གྱི་ཟིང་ཆའི་ནང་ཐེ་བྱུས་ཡོད་པའི་འཛིན་བཟུང་བྱས་པའི་མི་སྣ་ཉི་ཤུ་རྩ་གཉིས་ལ་ཁྲིམས་བཤེར་བྱས་པ་བརྒྱུད་མི་ལྔར་སྲོག་ཐོག་དང་།མི་ལྔར་ལོ་གཉིས་རྗེས་སུ་སྲོག་ཐོག་གཏང་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག།ལོ་གཉིས་རྗེས་སྲོག་ཐོག་གཏང་རྒྱུ་ཟེར་བ་དེ་ནི།དུས་ཡུན་དེའི་རིང་བཟང་སྤྱོད་ཀྱི་འགྱུར་བ་གཏོང་ཚེ་ཚེ་བཙོན་ལ་འགྱུར་བ་གཏོང་གི་ཡོད་པ་ཞིག་ཡིན་ལུགས་ཀྱང་འགྲེལ་བརྗོད་བྱས་ཡོད་པ་རེད།
གོང་ཞུས་འཕྲོས་མི་བརྒྱད་ལ་ཚེ་བཙོན་དང་།བཞི་ལ་ལོ་ངོ་བཞིའི་བཙོན་བཅུག་ཁྲིམས་ཆད་ཕོག་ཡོད་འདུག་འོན་ཀྱང་མགྲིན་ཚབ་པ་དེས་ཉེས་ཆད་ཕོག་པའི་མི་སྣ་དེ་དག་གི་མིང་དང་མི་རིགས་སྐོར་དམིགས་བསལ་ཞིབ་ཕྲ་གསལ་བཤད་གང་ཡང་རྒྱབ་མེད་པ་རེད།ད་བར་སྲོག་ཐོག་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་ཕོག་པའི་མི་སྣ་རྣམས་གཞུང་འབྲེལ་གསར་ཤོག་ཁག་ནང་ཐོན་པ་གཞིར་བཟུང་བྱེད་ན་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་རེད། ཕྱི་སྡོད་ཡུ་གུར་མི་རིགས་ཀྱི་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས།རྒྱ་ནག་གཞུང་གི་ཁྲིམས་ཆད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།ཡིན་ནའང་རྒྱ་ནག་གཞུང་གི་ཁྲིམས་ཁང་ཁག་ནས་འདི་ལོའི་ཕྱི་ཟླ་བདུན་པའི་དོན་རྐྱེན་འོག་ཟིང་ཆ་སློང་མཁན་མང་ཆེ་བ་ཡུ་གུར་མི་རིགས་ཡིན་ཚུལ་བཤད་ནས་གཞུང་དང་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་པའི་འགྲེལ་བཤད་རྒྱབ་ཀྱི་ཡོད་པ་རེད།།