ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ།
2014.11.08

༄༅༎ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་རྔ་བ་ཀིརྟི་དགོན་པའི་ལོ་༡༩ཡིན་པའི་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ལ། རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས་། རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་བཙུགས་བྱས་ཏེ། ཁོང་ལོ་༢ བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། མི་རིང་བར་ས་གནས་གཞན་གྱི་བཙོན་ཁང་དུ་བསྐྱལ་རྒྱུ་ཡིན་པ་རེད་འདུག
དེའང་བློ་བཟང་བསྟན་པ་ལགས་ནི། ད་ལོའི་ཕྱི་ ཟླ་༤ ཚེས་༢༦ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་གནང་མཁན་དེ་ཡིན་ལ། སྐབས་དེར་ཁྲོམ་ལམ་དུ་ཡོད་པའི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ཏེ། ད་བར་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་མཐར་། གཞི་ནས་གོང་གི་ལོ་གཉིས་བཙོན་བཅུགས་བྱེད་རྒྱུའི་ཐག་གཅོད་དེ་བྱས་ཡོད་པ་རེད་འདུག ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་བཏང་སྟེ་ཁྲིམས་རྭར་ཡོང་བཅུགས་ཡོད་ཀྱང་། ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད་འདུག
བློ་བཟང་བསྟན་པ་ལགས་ཀྱི་ཕ་ཡུལ་ནི་། བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཁོང་གི་ཕའི་མཚན་ལ་ངག་ཆུང་དང་མའི་མཚན་ལ་སྒྲོལ་མ་ཆོས་ཞེས་ཞུ་གི་ཡོད་པ་དང་། བློ་བཟང་བསྟན་པ་ལགས་ནི་ཁོང་གཉིས་ཀྱི་བུ་ཆུང་བ་དེ་ཡིན་པ་དང་། ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། དེང་སྐབས་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་འཛིན་གྲྭ་དགུ་པར་སླེབས་ཡོད་པ་རེད་འདུག་ལ། བློ་བཟང་བསྟན་པ་ལགས་ལ་ད་དུང་མ་གཅིག་པའི་སྤུན་མཆེད་རྒན་པ་དགེ་འདུན་པ་གཉིས་ཡོད་པ་ནས་། གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་པ་དང་། གཅིག་རྔ་བ་ཀིརྟི་དགོན་པའི་ནང་དུ་ཡོད་པ་རེད་འདུག དེ་བཞིན་གོང་ཚེས་ཉིན་ཁོང་དང་མཉམ་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ། རང་ལོ་༢༠ ཡིན་པ་ཁོང་ལ་ཡང་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་བཙུགས་འོག་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱང་བར་ས་གནས་གཞན་གྱི་བཙོན་ཁང་དུ་བསྐྱལ་རྒྱུ་ཡིན་པ་རེད་འདུག།
གསར་འགོད་པ་ཀུན་བཟང་རིག་འཛིན།