ཀུན་ཊའི་མེ་ཏོག་གི་གསར་བརྗེའི་ལས་འགུལ་བ་ཞིག་ལ་ཉེས་ཆད།
2011.04.12
༄༅༎ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་ནང་མི་དམངས་ཀྱིས་གཞུང་བཅོས་བསྒྱུར་དགོས་པའི་དམངས་གཙོའི་ལས་འགུལ་སྤེལ་བར་དཔེ་བལྟས་ཏེ་རྒྱ་ནག་ནང་དུ་ཀུན་ཊའི་མེ་ཏོག་གི་གསར་བརྗེའི་ལས་འགུལ་ནང་བཞུགས་མཁན་ཞིག་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་པེ་ཅིང་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། པེ་ཅིང་ནང་དུ་སྤེལ་བའི་མེ་ཏོག་ཀུན་ཊའི་གསར་བརྗེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ལོ་ན་༢༡ཡིན་པའི་རྒྱ་མི་རིགས་ན་གཞོན་ལྦེ་ཅང་ཟེར་བར་རྒྱ་ནག་གཞུང་གིས་བསྒྱུར་བཀོད་ར་བའི་ཉེས་ཆད་བཏང་བ་དེ་ནི། དཀྱིལ་ཤར་ཡུལ་གྲུའི་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་གྱི་ཚ་རླབས་རྒྱ་ནག་ནང་དུ་འཕེལ་ཏེ་རྒྱལ་ས་པེ་ཅིང་དང་ཧྲང་ཧད་ནང་མི་དམངས་འདུ་འཛོམས་བྱེད་མཁན་ནང་ནས་ཉེས་ཆད་བཏང་བའི་གནས་ཚུལ་ངེས་གཏན་བྱུང་བ་ཐེངས་དང་པོ་དེ་ཡིན་པ་རེད། ལྦེ་ཅང་ལ་མི་ལོ་གཉིས་རིང་གི་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་བ་དང༌། ཁོང་ནི་དེང་དུས་ཀྱི་སྒྱུ་རྩལ་བ་ཞིག་ཡིན་ཞིང༌། ཁོང་གི་གྲོགས་པོ་གཉིས་ཀྱིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་ཁོང་ལ་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་བའི་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་གནང་བ་མ་ཟད། ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༣ཉིན་རྒྱ་ནག་གཞུང་གིས་པེ་ཅིང་གནམ་ཐང་ནས་འཛིན་བཟུང་བྱས་པའི་རྒྱ་ནག་གི་སྒྱུ་རྩལ་བ་སྐད་གྲགས་ཅན་དང་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་འཛེམས་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཨེ་ལྦེ་ལྦེ་ཡི་སྒྱུ་རྩལ་ཁང་དུ་ཁོང་དེ་སྔོན་ལས་ཀ་བྱེད་མྱོང་ཡོད་པའི་གནས་ཚུལ་ཡང་ངོ་སྤྲོད་བྱས་ཡོད་པ་རེད། ལྦེ་ཅང་ནི། ཁ་སྔོན་ཕྱི་ཟླ་གཉིས་པའི་ནང་དཀྱིལ་ཤར་ཡུལ་གྲུའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་མི་ལོ་མང་པོའི་རིང་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་འཛིན་པ་དེ་མི་དམངས་ལ་རྩིས་སྤྲོད་བྱ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ནས། ཕྱི་རྒྱལ་ནས་ཐོན་པའི་རྒྱ་ཡིག་དྲ་རྒྱའི་ཐོག་རྒྱ་ནག་མི་དམངས་ཚོར་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧད་སོགས་གྲོང་ཁྱེར་འགའ་ཤས་ནང་དུས་གཅིག་ལ་དམངས་གཙོའི་ལས་འགུལ་སྤེལ་དགོས་པའི་ཀུན་སློང་གི་གནས་ཚུལ་ཐོན་པའི་རྗེས། ཕྱི་ཟླ་གཉིས་པའི་ཚེ་༢༠ཉིན་རྒྱལ་ས་པེ་ཅིང་གི་ལྦང་ཕུའུ་ཅིང་ཁྲོམ་གཞུང་ཐོག་མི་དམངས་འདུ་འཛོམས་བྱས་པའི་ནང་ཁོང་མཉམ་ཞུགས་བྱས་པ་ནི། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ནག་ཉེས་བཙུགས་ཏེ། ཁོང་ཕྱི་ཟླ་གཉིས་པའི་ཚེས་༢༥ཉིན་པེ་ཅིང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།