ཡུ་གུར་མི་གཉིས་སུད་སིར་སྐྱབས་བཅོལ།
2010.02.04
༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས། གལ་ཏེ་སུད་སི་གཞུང་གིས་ཡུ་གུར་མི་གཉིས་པོ་དེར་སུད་སི་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་བྱས་པ་ཡིན་ཚེ། སུད་སི་དང་རྒྱ་ནག་གི་འབྲེལ་བར་གནོད་སྐྱོན་འགྲོ་གི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་སྦུ་ཤི་ལས་ཐོག་སྐབས་ཨཕ་ག་ནི་སི་ཏན་ལ་དམག་འཐབ་ཀྱིས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱེད་པའི་དམག་འཁྲུག་ནང་འཛིན་བཟུང་བྱས་པའི་བཙོན་པ་རྣམས། གུའན་ཏ་ན་མོ་སྦེ་ནང་དུ་ཨ་མི་རི་ཀས་བཙོན་ཁང་གསར་རྒྱག་གིས་བཙོན་པ་རྣམས་དེར་བཙོན་འཇུག་བྱས་པའི་ཁོངས་སུ། ཡུ་གུར་མི་རིགས་ཁག་ཅིག་ཀྱང་བཙོན་འཇུག་བྱས་ཡོད་པ་དང། ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ཡིས། བཙོན་ཁང་དེ་སྒོ་བརྒྱབ་རྒྱུའི་སྲིད་ཇུས་འོག་ཡུ་གུར་བཙོན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་མ་བྱས་པར། རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་དུ་འགྲོ་ཁུངས་འཚོལ་ཐབས་གནང་ཡོད་པ་རེད། དེའི་ཁོངས་ནས་ཡུ་གུར་གྱི་གུའན་ཏ་ན་མོ་སྦེ་ཡི་བཙོན་པ་དྲུག་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་པཱ་ལའུ་དང་བཞི་སྦར་མིའུ་ཌ་རྒྱལ་ཁབ་ནང་སྐྱབས་བཅོལ་དུ་ལེན་ཡོད་ཅིང། དེའི་འཕྲོས་ཀྱི་ཡུ་གུར་གྱི་བུ་སྤུན་གཉིས་ལ། རེས་གཟའ་ལྷག་པའི་ཉིན་སུད་སི་གཞུང་གིས། སུད་སི་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུའི་བཀའ་ཁྲོལ་ཐོབ་ཡོད་པ་རེད། ཡིན་ནའང་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། མཱ་ཀྲའོ་ཤུ་ཡིས། བུ་སྤུན་དེ་གཉིས་ནི། ཤར་ཏུར་ཀི་སི་ཏན་གྱི་ཁ་ཆེ་ལས་འགུལ་ཚོགས་པའི་ཚོགས་མི་ཡིན་པ་བཤད་པ་དང། སུད་སི་གཞུང་གིས་ཡུ་གུར་མི་རིགས་གཉིས་ལ་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད་དེ་ཡིས། སུད་སི་དང་རྒྱ་ནག་གི་འབྲེལ་ལམ་ལ་གནོད་འཚེའི་རྐྱེན་དུ་འགྲོ་རྒྱུ་ཡིན་པ་བཤད་ཡོད་པ་རེད། སུད་སི་ཡི་ཁྲིམས་ཀྱི་བློན་ཆེན་གྱིས་གསུངས་ན། ཡུ་གུར་བུ་སྤུན་གཉིས་ལ་མི་ཆོས་འཚོ་མཐུན་གྱི་རྩ་དོན་གཞི་བཞག་གི་ཐོག་ནས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད་ཞིག་ཡིན་པ་དང། དེར་རྒྱལ་ཁབ་གཅིག་ཐོག་ལ་ཡང་རྒྱལ་ཁབ་གཞན་ཞིག་གིས་གོ་དོན་འགྲེལ་བརྗོད་བྱེད་དགོས་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད།