རྒྱ་ནག་གི་དོལ་པོ་སྐྱེལ་འདྲེན་གྲུ་འཛིངས་ཐོག་རྒོལ་རྡུང་།
2012.01.15
༄༅༎ལའོ་སེ་(Laos)བདག་དབང་ཐོག་ཡོད་པའི་མེ་ཀོང་རྒྱ་མཚོའི་ཐོག་རྒྱ་ནག་གི་དོལ་པོ་སྐྱེལ་འདྲེན་བྱེད་མཁན་གྲུ་འཛིངས་ཐོག་གློ་བུར་མེ་འཕེན་གྱིས་རྒོལ་རྡུང་བཏང་ཡོད་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཉེན་རྟོག་པས་བཤད་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་བདེ་འཇགས་བློན་ཆེན་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། རེས་གཟའ་སྤེན་པའི་ཕྱི་དྲོ་ལའོ་སེ་ནང་གི་མེ་ཀོང་གཙང་ཆུའི་ཐོག་སྐྱེལ་འདྲེན་བྱེད་མཁན་རྒྱ་ནག་གི་གྲུ་འཛིངས་ཐོག་རྒོལ་རྡུང་བཏང་ཡོད་པ་དང༌། འོན་ཀྱང་གྲུ་འཛིངས་ནང་གི་ལས་མིའི་ཐོག་རྨས་སྐྱོན་འཕོག་པ་གང་ཡང་བྱུང་མེད་པའི་སྐོར་བཀོད་ཡོད་པ་དང༌། དེ་བཞིན་དུ་རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་གསར་འགྱུར་ཐོག་ལ། རྒྱ་ནག་གི་གྲུ་འཛིངས་དེའི་ནང་དུ་ལས་མི་ལྔ་ཡོད་པ་དང༌། གྲུ་འཛིངས་དེའི་ཐོག་ཤིང་སྣ་སྐྱེལ་འདྲེན་བྱེད་མཁན་ཡིན་པ་བཤད་ཡོད་པ་རེད།
རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲུ་འཛིངས་དེ་ནི། ཧྲེང་ཏའེ་༡༡་(Shengtai་11)རྟགས་ཅན་ཡིན་པ་དང༌། ཐའེ་ལེནདྲ་ནས་རྒྱ་ནག་གི་ས་མཚམས་ས་ཁུལ་ཡུན་ནན་ཞིང་ཆེན་དུ་ཕྱིན་ལོག་བྱེད་པའི་ལམ་བར་རྒོལ་རྡུང་བཏང་བ་ཞིག་ཡིན་པ་དང༌། དམིགས་བསལ་ན་ནིང་ཕྱི་ཟླ་བཅུ་པའི་ནང་མེ་ཀོང་གཙང་ཆུའི་ཐོག་གྲུ་འཛིངས་གཏོང་མཁན་རྒྱ་མི་༡༣ བསད་པའི་དོན་རྐྱེན་ཐོན་པའི་རྗེས།
ཉེ་ཆར་ཕྱི་ཟླ་༡༢ པའི་ནང་རྒྱ་ནག་དང་ལའོ་སེ། འབར་མ། ཐའེ་ལེནདྲ་བཅས་རྒྱལ་ཁབ་བཞི་པོ་བཟུང་འབྲེལ་གྱིས་མེ་ཀོང་གཙང་ཆུའི་ཐོག་མྱུལ་ཞིབ་གི་ལས་དོན་བྱས་པའི་རྗེས་སུ། སླར་ཡང་རྒྱ་ནག་གི་གྲུ་འཛིངས་ཐོག་རྒོལ་རྡུང་བཏང་བ་ཞིག་ཡིན་པ་རེད། མེ་ཀོང་གཙང་པོ་དེ་ནི། ཆུ་མགོི་ཧི་མ་ལ་ཡའི་ནས་བྱས་ཏེ། རྒྱ་ནག་དང༌། འབར་མ། ཐའེ་ལེནདྲ། ལའོ་སེ། ཁེམ་སྦོ་ཌི་ཡ། ལྦིཏ་ནམ་བརྒྱུད་དུ་རྒྱུགས་བཞིན་ཡོད་པ་དང༌། རྒྱ་ནག་གི་ཕུད་པའི་དེ་མིན་གྱི་རྒྱལ་ཁབ་དྲུག་པོས་མེ་ཀོང་གཙང་ཆུ་ཡར་རྒྱས་གཏོང་རྒྱུའི་མཉམ་ལས་གནང་གི་ཡོད་ཀྱང༌། རྒྱ་ནག་ཕྱོགས་ནས་གཙང་ཆུ་དེའི་ཐོག་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་པ་དེར། གཙང་ཆུའི་བརྒྱུད་དུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།