བོད་མི་ཆིག་སྟོང་ཙམ་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ།
2008.11.27
༄༅༎‘འདི་ལོའི་སྤྱི་ཟླ་གསུམ་པའི་དོན་རྐྱེན་འོག་འཛིན་བཟུང་བྱས་པའི་བོད་མི་ཆིག་སྟོང་ཙམ་གློད་བཀྲོལ་བཏང་ཡོད་ལུགས་རྒྱ་ནག་གཞུང་ནས་གནས་ཚུལ་བཏོན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན་འདི་ལོ་ཕྱི་ཟླ་གསུམ་པའི་དོན་རྐྱེན་འོག་འཛིན་བཟུང་བྱས་པའི་ཁོངས་ནས་ད་བར་མི་གྲངས་ཆིག་སྟོང་ཙམ་གློད་བཀྲོལ་བཏང་ཟིན་པ་དང་དེའི་ཁོངས་ནས་ཕལ་ཆེ་བས་ཟིང་ཆ་སློང་བའི་སོ་སོས་ངོས་ལེན་བྱས་པའི་གྲས་ཡིན་ལུགས་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲུ་ལྦན་ཆུན་གྱི་འགྲེལ་བརྗོད་བྱས་ཡོད་འདུག
ཡང་ཀྲུ་ལྦན་ཆུང་གིས་བོད་ནང་སྡུག་སྦྱོང་བཏང་བའི་གནས་ཚུལ་རྩ་བ་ནས་ཡོད་མ་རེད་ལ་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རྣམས་ལ་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་རྩོད་ལེན་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་རེད། ས་གནས་ཁྲིམས་ཁང་ནས་ཀྱང་ཁྲིམས་བཤེར་བྱས་པའི་སྐབས་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་འབྱེད་མེད་པར་ཁྲིམས་བཤེར་བྱས་པའི་སྐབས་སྐད་བསྒྱུར་དགོས་མཁན་ཚོ་ལ་སྐད་བསྒྱུར་ཚུན་ཆད་མཐུན་འགྱུར་སྤྲོད་ཀྱི་ཡོད་ལུགས་སོགས་གཏམ་བཤད་སྤེལ་ནས་གང་ལྟར་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུས་ཡོད་འདུག
འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཉེ་ཆར་དོན་རྐྱེན་འོག་འཛིན་བཟུང་བྱས་པ་རྣམས་ལ་དོ་དམ་འོག་བཞག་པའི་སྐབས་སྡུག་སྦྱོང་ཚད་མེད་བཏང་བ་དང་ཁོང་ཚོར་ཁྲིམས་གཏུགས་བྱེད་ཆོག་གི་མེད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།