རྒྱ་གཞུང་གིས་བོད་རྒྱའི་འབྲེལ་མོལ་དོན་འབྲས་བྱུང་མེད་པ་བཤད།
2008.11.10
༄༅༎རྒྱ་ནག་གཞུང་གིས་དེ་རིང་ཚེས་བཅུ་ཉིན་བོད་རྒྱའི་འབྲེལ་མོལ་ལ་དོན་འབྲས་གང་ཡང་སོན་མེད་པའི་སྐོར་བརྗོད་ཡོད་འདུག
དེ་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱིས་བརྗོད་པར་གཞིགས་ན་རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་འཕེལ་རྒྱས་གང་ཡང་བྱུང་མེད་པ་དང་དེའི་འགན་འཁྲི་ཡོངས་རྫོགས་ཏཱ་ལའི་བླ་མའི་ཕྱོགས་སུ་ཡོད་ལུགས་བརྗོད་ཡོད་པ་རེད། རྒྱ་ནག་འཐབ་ཕྱོགས་ཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱིས་མུ་མཐུད་ནས་བརྗོད་ན་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ནས་བོད་མི་གནས་ཡོད་ཀྱི་རང་སྐྱོང་ས་ཁུལ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ནས་རང་སྐྱོང་ལྗོངས་སུ་འགྱུར་རྒྱུའི་བོད་ཆེན་པོ་ཞེས་པའི་དགོས་འདུན་བཏོན་ཡས་དེ་ནི་མི་འོས་པ་ཞིག་ཡིན་པ་དང་ཁོང་ཚོར་དགོས་འདུན་དེ་འདྲ་བཏོན་རྒྱུའི་ཐོབ་ཐང་གང་ཡང་མེད་པ་རེད། ཏཱ་ལའི་བླ་མས་བཏོན་པའི་བོད་ཆེན་པོ་ཞེས་པ་དེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད་ལ་དོན་དངོས་ཀྱི་གཞི་འཛིན་ས་ཡང་དེ་བས་མེད་ལུགས་བཤད་བཞག རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་དཔོན་རིགས་ཀྲུའུ་འོད་ཇུན་གྱིས་གོང་ཞུས་སྐད་ཆ་དེ་གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགོད་ལྷན་ཚོགས་ཐོག་བརྗོད་པ་ཞིག་ཡིན་པ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་དེའི་སྐོར་གནས་ཚུལ་འཁོད་པའི་ནང་ད་རེས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱི་གོང་ཞུས་སྐད་ཆ་དེ་དག་ན་ཕྱི་ལོ་ཉིས་སྟོང་གཉིས་ལོ་ནས་བཟུང་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་ཙམ་གནང་བའི་བརྒྱུད་རིམ་ནང་ཡོངས་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་ཡས་ཤུགས་ཆེ་ཤོས་ཤིག་ཡིན་པ་འཁོད་འདུག