འཛམ་གླིང་ནང་མཁའ་རླུང་སྦག་བཙོག་ཆེ་ཤོས་རྒྱ་ནག་ཡིན་པ།

རྒྱ་ནག་གཞུང་གིས་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་སྦག་བཙོག་གི་རྫས་རླངས་མང་ཤོས་བཟོ་མཁན་དེ་ཡིན་པ་བརྗོད་འདུག

2010.11.23

༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་སྦག་བཙོག་གི་རྫས་རླངས་མང་ཤོས་བཟོ་མཁན་དེ་ཡིན་པ་བརྗོད་ཡོད་པ་དང་ རྒྱ་ནག་གིས་འདི་ལྟར་ངོས་ལེན་བྱས་པ་ད་རེས་ཐོག་མ་དེ་ཡིན་ལ་གཟའ་འཁོར་རྗེས་མའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་ཚོགས་འདུ་དེ་ཚུགས་རྒྱུ་ཡིན་པ་རེད།

དེ་ཡང་པེ་ཅིང་དུ་ཡོད་པའི་གསར་འགོད་པ་ཚོར་རྒྱ་ནག་གཞུང་གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་གི་འགན་འཛིན་གཞོན་པ་ཤེ་ཀྲེན་ཧུས་ ང་ཚོས་མཁའ་རླུང་སྦག་བཙོག་བཟོ་བའི་ཚད་གཞི་དེ་ད་ཆ་འཛམ་གླིང་ནང་གི་ཨང་དང་པ་དེ་ཆགས་ཡོད་པ་རེད་ཅེས་བརྗོད་ཅིང་ རྒྱལ་སྤྱིའི་ཁོར་ཡུག་ནུས་པའི་ལས་དོན་སྡེ་ཚན་དང་ ཚན་རིག་པ་ དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་རྒྱ་ནག་ནི་འཛམ་གླིང་ནང་གི་ཁོར་ཡུག་སྦག་བཙོག་བཟོ་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་བརྗོད་མུས་ཡིན་ཡང་ རྒྱ་ནག་གཞུང་ཕྱོགས་ནས་ད་བར་དེར་ངོས་ལེན་བྱས་མེད་པར་མ་ཟད་ ཁོར་ཡུག་སྦག་བཙོག་གི་ཚད་གཞི་དེ་མི་འབོར་ལ་གཞིགས་ཏེ་གཏན་འབེབས་དགོས་ལུགས་བརྗོད་བཞིན་ཡོད་པ་རེད། གལ་ཏེ་མི་འབོར་གྱི་ཚད་གཞིའི་ཐོག་ནས་ཁོར་ཡུག་སྦག་བཙོག་བཟོ་ཆེ་ཆུང་གི་སྐད་ཆ་བཤད་ཚེ་རྒྱ་ནག་གི་མི་འབོར་གྱི་ཆ་ནས་ཁོར་ཡུག་སྦག་བཙོག་བཟོ་མཁན་ཆེ་ཤོས་གྲས་སུ་སླེབས་སྲིད་ཐབས་མེད་པ་ཞིག་ཡིན་པ་རེད།

རྒྱ་ནག་གིས་གནད་དོན་འདི་ཚོར་བ་ཧ་ཅང་རྣོན་པོའི་གྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གཞུང་གི་རྒྱལ་ནང་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་གི་འགན་འཛིན་གཞོན་པའི་གཏམ་བཤད་དེ་ཡིག་ཐོག་ཏུ་རྩ་བ་ནས་ཕབ་མེད་ལ་ ད་དུང་ཁོང་གིས་རྒྱ་ནག་གི་ངོས་ནས་ཁོར་ཡུག་སྦག་བཙོག་གི་ཉུང་དུ་གཏོང་རྒྱུའི་ལས་དོན་ཐད་འབྱོར་ལྡན་ཡུལ་གྲུ་ཚོས་ལས་འགན་འགྲུབ་བཞིན་པ་ལས་ལྷག་པའི་འགན་འཁུར་རྩ་བ་ནས་ལེན་ཐུབ་ཐབས་མེད་པ་བརྗོད་ཡོད་པ་རེད།

ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་ངོས་ནས་མཁའ་རླུང་སྦག་བཙོག་གི་རྫས་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་རྒྱུར་ཚད་གཞི་གཏན་འབེབས་དགོས་ལུགས་ནན་བརྗོད་གནང་བཞིན་ཡོད་ཀྱང་ རྒྱ་ནག་གཞུང་གིས་རྒྱ་ནག་དང་དེ་མིན་གྱི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོར་སོ་སོའི་ལུང་པའི་ནང་གི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཐད་དཔལ་འབྱོར་རྒྱ་སྐྱེད་མུ་འཐུད་བྱེད་དགོས་པར་བརྟེན་མཁའ་རླུང་སྦག་བཙོག་གི་རྫས་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་རྒྱུར་ཆགས་ཡང་དགོས་ལུགས་བརྗོད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎