རྒྱ་ནག་གཞུང་གིས་ཨ་རིར་འཁོན་ལན་སློག་ཆེད་ཨ་རིའི་དཔོན་རིགས་བཞི་ལ་ཉེས་ཆད་འགེལ་རྒྱུ་བསྒྲགས་འདུག


2020.07.13
རྒྱ་ནག་གཞུང་གིས་མིང་འདོན་བྱས་བའི་ཨ་རིའི་དཔོན་རིགས་བཞི། རྒྱ་ནག་གཞུང་གིས་མིང་འདོན་བྱས་བའི་ཨ་རིའི་དཔོན་རིགས་བཞི།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་ཨ་རིར་འཁོན་ལན་སློག་ཆེད་ཨ་རིའི་དཔོན་རིགས་གཅིག་དང་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱི་མིང་འདོན་བྱས་ནས་ཁོང་ཚོའི་ཐོག་ཉེས་ཆད་འགེལ་རྒྱུ་ཡིན་པ་བསྒྲགས་འདུག
ཉེ་ཆཪ་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཨ་མི་རི་ཀའི་གཞུང་གིས་ཉེས་ཆད་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་གནང་བའི་རྗེས། འདི་ཚེས་༡༣་གཟའ་ཟླ་བའི་ཉིན། རྒྱ་ནག་གཞུང་གིས་དེའི་ཐད་ཨ་མི་རི་ཀར་རྒོལ་ལན་སློག་རྒྱུ་ཡིན་པ་བཤད་ནས། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲོང་ཡུན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཟེར་བའི་ཨ་རིའི་གྲོས་ཚོགས་འཐུས་མི་དང་ལས་ཁང་གི་མིང་གསལ་འདོན་བྱས་བའི་ཁྲོད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས་དང་། ཨ་རིའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་གོང་མིའི་འཐུས་མི་མར་ཁོ་རུ་བྷིའོ་(Marco Rubio)་ལགས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Ted Cruz)་ལགས། གྲོས་ཚོགས་འོག་མིའི་འཐུས་མི་(Chris Smith་ལགས། དེ་མིན་ཨ་རིའི་གྲོས་ཚོགས་ནང་གི་རྒྱ་ནག་ལས་དོན་ཚོགས་ཆུང་བཅས་ཀྱི་ཐོག་ཉེས་ཆད་འགེལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་། ད་དུང་རྒྱ་ནག་གི་མགྲིན་ཚབ་པས་ཨ་མི་རི་ཀ་གཞུང་གིས་ཁ་སྔོན་ཞིན་ཅང་དང་འབྲེལ་བའི་དཔོན་རིགས་བཞིའི་ཐོག་ཉེས་ཆད་འགེལ་རྒྱུ་བྱས་བ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཚུལ་གྱིས་སྐྱོན་བརྗོད་བྱས་འདུག ཡིན་ན་ཡང་རྒྱ་ནག་གི་ཕྱོགས་ནས་ཉེས་ཆད་ཅི་ཞིག་འགེལ་རྒྱུ་ཡིན་པ་གསལ་བོ་བརྗོད་མི་འདུག
དེའི་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་འབྲེལ་བ་བྱས་སྐབས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། དེ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་དཔོན་རིགས་ཐོག་ཨ་རིས་ཉེས་ཆད་བཀལ་བ་ལས་ཟློག་སྟེ།  རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཐེར་འདོན་བྱེད་མཁན་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་སྐུ་ལས་མང་པོ་བསྐྱོན་མཁན་ཚོར་ཕྱིར་ཉེས་ཆད་འགེལ་རྒྱུའི་ལན་འདེབས་བྱས་བ་རེད། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་དུ་སོ་སོའི་བྱ་སྤྱོད་ལ་འགན་ཁུར་ལེན་རྒྱུར་ངོས་ལེན་མི་བྱེད་པ་ཞིག་མཚོན་པ་ཡིན། ད་ཐེངས་རྒྱ་ནག་གིས་འཁོན་ལན་སློག་པ་ཙམ་ལས་ཉེས་ཆད་འགེལ་རེས་བྱས་བ་བཟང་སྤྱོད་ཀུན་སློང་གི་ཐོག་ནས་འདྲ་མཉམ་འཇོག་མི་ཐུབ་པ་ཞིག་རེད་ཅེས་ཡིག་ཐོག་ནས་ལན་འདེབས་གནང་བྱུང་།
ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Ted Cruz)་ལགས་ཀྱིས་ཚེས་༡༣་ཉིན་གསལ་བསྒྲགས་སྤེལ་ནས། ད་ཐེངས་རྒྱ་ནག་གི་བྱེད་སྟངས་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་ཞེད་སྣང་སྐྱེས་ཏེ་ཕྱིར་ལྕག་ཚན་གཞུས་བ་ཞིག་རེད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་ངས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་བརྗོད་རྒྱུར། ད་ཆ་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པའི་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་འགེབས་སྲུང་བྱས་ནས་འཛམ་གླིང་མི་གྲངས་ས་ཡ་མང་པོ་ཉེན་ཁའི་ནང་ལྷུང་བཅུག་པའི་རྒྱ་ནག་གཅིག་བསྡུས་དབང་འཛིན་གྱི་ཡུལ་ལུང་དུ་ང་རང་འགྲུལ་བསྐྱོད་བྱེད་རྒྱུའི་འཆར་གཞི་མེད་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་མི་མང་ས་ཡ་གཅིག་ལྷག་ངལ་རྩོལ་རྭ་བའི་ནང་བཙན་ཤེད་ཀྱིས་བཀག་བསྐྱིལ་བྱས་ཏེ། འཇིགས་སུ་རུང་བའི་བྱ་སྤྱོད་ཕྲུ་གུ་མངལ་ནས་བཏོན་པ་དང་སྐྱེས་སྒོ་འགོག་བྱེད་ཁབ་རྒྱབ་པ་སོགས་ཀྱི་མི་རིགས་གཙང་བཟོའི་ལས་དོན་ལ་འཇུག་གི་ཡོད་ཅིང་། འདི་དག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཧང་སངས་དགོས་པའི་སྡུག་རྩུབ་གྱི་བྱ་སྤྱོད་ཡིན་པས་བཟོད་མི་འོས་བ་རེད་ཅེས་གསུང་འདུག
གོང་གི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio)་ལགས་ཀྱིས་༢༠༡༩་ལོའི་ཟླ་དགུ་བའི་ནང་། ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གྲོས་ཚོགས་གོང་མའི་ནང་ཁོང་གིས་སྤོབས་པའི་ངང་ནས་བཏོན་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེ་མུ་མཐུད་དུ་ཐེར་འདོན་གྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་ཀྱི་ཆེད་དུ་ཐབས་ཇུས་གསར་པ་འཚོལ་དགོས་ཀྱི་རེད་ཅེས་གསུང་ཡོད།
དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས། ན་ནིང་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་ཕེབས་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཁོང་གིས་དུས་རྒྱུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་མེད་པ་གསལ་སྟོན་གྱི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་གི་ཡོད་པ་རེད།
གོང་བརྗོད་ཨ་རིའི་དཔོན་རིགས་དེ་དག་ནི། ནམ་རྒྱུན་རྒྱ་ནག་གཞུང་གིས་ཡུ་གུར་དང་བོད། རྒྱ་རིགས་མི་སེར་བཅས་ཀྱི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་གནང་མཁན་དང་། དེ་བཞིན་ཧོང་ཀོང་གི་ཆར་གདུགས་ལས་འགུལ་སོགས་ལ་རྒྱབ་སྐྱོར་གྱིས་ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་གི་རང་སྐྱོང་ཁྲིམས་གཞི་སོགས་ལ་མོས་མཐུན་བྱེད་པར་སྐུལ་སྤེལ་གནང་ཡོད།
ཉེ་སྔོན་ཚེས་༩་ཉིན། ཨ་མི་རི་ཀའི་གཞུང་གིས་བོད་དང་འབྲེལ་ནས་རྒྱ་ནག་གི་དཔོིན་རིགས་ཚོར་ཐོངས་མཆན་ཝི་ས་སྤྲོད་ཕྱོགས་ཐད་དམ་དྲག་གནང་རྒྱུའི་གསལ་བསྒྲགས་བྱས་ནས་ཉིན་གཉིས་ལས་མ་སོང་བའི་རྗེས། ཕྱི་ཟླ་ ༧ ་ཚེས་ ༡༠ ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་མཡེཀ་པོམ་པེའོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བཞིན་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས། དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་པ་དང་། ད་ལྟ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གྲེན་ཇོན་གོའོ་(Chen Quanguo)་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཞོན་ཀྲུའུ་ཧཡེ་ལུན་(Zhu Hailun) དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་དང་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ཝང་མེན་ཧྲན་(Wang Mingshan)་དང་། ཡང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཧོའོ་ལིའུ་ཅུན་(Huo Liujun)་བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་དང་། ཨ་རིའི་ནང་ཡོང་རྒྱུའི་ཐོངས་མཆན་(Visa)་དམ་དྲག་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎