རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཀལ་པར། འདི་ནི་ཆེ་བསྟོད་ཀྱི་དཔུང་རྟགས་ཤིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་།

2024.07.31
རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཀལ་པར།  འདི་ནི་ཆེ་བསྟོད་ཀྱི་དཔུང་རྟགས་ཤིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇིམ་མེག་གྷོཝརཎ་ (Jim McGovern) ལགས། ༢༠༡༧ ཟླ་ ༦
Lhuboom /RFA

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༡ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་དང་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་འཇིམ་མེག་གྷོཝརཎ་ (Jim McGovern) ལགས་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱི་ལས་དོན་ལ་ཐེ་ཇུས་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ཁོང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བཀའ་མོལ་དང་བྱ་སྤྱོད་སྤེལ་ཚུལ་སྐྱོན་བརྗོད་དང་མཉམ་ཁོང་གི་དཔལ་འབྱོར་རྒྱུ་དངོས་ཡོངས་རྒྱ་ནག་ནང་བཀག་སྡོམ་བྱེད་རྒྱུ་དང་། རྒྱ་ནག་ནང་དུ་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུའི་དཔལ་འབྱོར་གྱི་ཉེས་ཆད་བཀལ་འདུག་ལ། ཕྱི་ཟླ་ ༧ ཚེས་ ༣༡ ནས་ལག་བསྟར་བྱེད་རྒྱུའི་ཉེས་ཆད་ནང་ད་དུང་ཁོང་དང་ཁོང་གི་ནང་མི་ཚོ་རྒྱ་ནག་ལ་ཡོང་རྒྱུའི་ཐོངས་མཆན་ (Visa) སྤྲོད་རྒྱུ་མིན་པར་བཀག་སྡོམ་བྱེད་རྒྱུ་ཡིན་པ་བསྒྲགས་འདུག

འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཇིམ་མེག་གྷོཝརཎ་ (Jim McGovern) ལགས་གྱི་ལས་ཁུངས་སུ་འབྲེལ་བ་ཞུས་ནས་ཁོང་ལ་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་ཡིག་ཐོག་བཀའ་ལན་འབྱོར་བའི་ནང་། གལ་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་རྒྱ་ནག་གི་འཇིགས་སུ་རུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་བྱས་པར་མི་དགའ་ན། ཁོང་ཚོས་ལག་བསྟར་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་དེ་ཡར་རྒྱས་གཏོང་དགོས་ཀྱི་རེད་ལ། དེ་ཡང་བོད་མི་རྣམས་ལ་འགོག་གནོན་བྱེད་པ་དང་། ཤིན་ཅང་ནང་གི་མི་རིགས་རྩ་མེད་གཏོང་པ། ཧོང་ཀོང་གི་དམངས་གཙོར་དྲག་གནོན་བྱེད་རྒྱུ་བཅས་མཚམས་འཇོག་བྱས་ནས་གནས་སྟངས་ཡར་རྒྱས་གཏོང་འགོ་འཛུགས་ཐུབ་པ་དགོས་ཞེས་དང་། ང་ལ་རྒྱ་ནག་གིས་ཉེས་ཆད་བཀལ་བ་ནི་ཁུངས་ལུང་མེད་པའི་བྱ་སྤྱོད་ཅིག་ཡིན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་རང་དབང་དང་གུ་ཡངས་ཀྱི་བགྲོ་གླེང་བྱེད་པར་ཞེད་སྣང་བྱེད་བཞིན་པ་དང་། དེའི་ཐོག་ཁོང་ཚོའི་ལྟ་ཚུལ་ལ་ངོས་ལེན་མི་བྱེད་མཁན་ཚོར་ཉེས་ཆད་འགེལ་པ་དང་ཁུ་སིམ་པོ་བཟོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་འཛམ་གླིང་ཡོངས་ཀྱིས་ཁོ་ཚོའི་བྱ་སྤྱོད་ལ་ལྟ་ཞིབ་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོ་ཁུ་སིམ་མེར་སྡོད་ཀྱི་མ་རེད། ངས་ཉེས་ཆད་འདི་སྤོབས་པ་ཆེན་པོའི་ངང་ཆེ་བསྟོད་ཀྱི་དཔུང་རྟགས་ཅིག་ལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་འཁོད་འདུག

འཇིམ་མེག་གྷོཝརཎ་ལགས་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེ་ཐོག་མར་གྲོས་ཚོགས་འོག་མར་འདོན་སྤེལ་གནང་པ་དང་། ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་བཅས་ལ་རྒྱ་ནག་གིས་ཡ་ལན་བྱས་པར་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ཁོང་གིས་དེའི་སྐོར་ཤེས་རྟོགས་མེད་ཀྱང་ཡ་ལན་འདི་དུས་སྐབས་གཙོར་བཟུང་བྱས་པ་ཞིག་ཡིན་སྲིད་པ་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་འཐུས་མི་འཇིམ་མེག་གྷོཝརཎ་ (Jim McGovern) ལགས་ནི། དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་སོགས་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཞིག་ཡིན་པ་རེད། ཡིན་ན་ཡང་ད་ཐེངས་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་ཆད་བཀལ་བ་དེ་བོད་དོན་ལ་རྒྱབ་སྐྱོར་གནང་བའི་རྐྱེན་གྱིས་ཡིན་མིན་སོགས་ཁ་གསལ་བཀོད་མེད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༧ ནང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲོང་ཡུན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག སྐབས་དེའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས་དང་། ཨ་རིའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་(Marco Rubio)་ལགས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Ted Cruz)་ལགས། གྲོས་ཚོགས་འོག་མའི་འཐུས་མི་(Chris Smith་ལགས། དེ་མིན་ཨ་རིའི་གྲོས་ཚོགས་ནང་གི་རྒྱ་ནག་ལས་དོན་ཚོགས་ཆུང་བཅས་ཀྱི་ཐོག་ཉེས་ཆད་འགེལ་རྒྱུ་ཡིན་པ་བཤད་མྱོང་པ་རེད།།


གསར་འགོད་པ།  ཀླུ་འབུམ།   བཀྲ་ཤིས་དབང་ཕྱུག  མཁའ་འགྲོ་གཡང་འཛོམས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎