བོད་ནང་ཕྱི་རྒྱལ་རླུང་འཕྲིན་ལས་རིམ་ཉན་མཁན་ཚོར་དམ་བསྒྲཌ།
2009.10.19
༄༅༎བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་བོད་མི་རྣམས་ཀྱིས་ཕྱི་རྒྱལ་གྱི་རྒྱང་སྲིང་ལས་རིམ་ཉན་རྒྱུར་རྒྱ་ནག་གིས་དམ་བསྒྲགས་ཇེ་ཆེར་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག དེ་ཡང་ང་ཚོའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པར་བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་འགྲེལ་བརྗོད་གནང་དོན་ལྟར་ན་རྒྱ་ནག་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དང་ཕྱི་རྒྱལ་ནས་རྒྱང་སྲིང་བྱེད་བཞིན་པའི་བོད་སྐད་ཀྱི་རླུང་འཕྲིན་ཁག་གི་ལས་རིམ་དང་འབྲེལ་བ་ཡོད་པ་རྒྱ་ནག་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་རླུང་འཕྲིན་ཉན་རྒྱུའི་ཐོག་རྒྱ་ནག་གིས་ས་གནས་ཀྱི་བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་བྱེད་བཞིན་པ་རེད་འདུག རྒྱ་ནག་གིས་དམ་བསྒྲགས་བྱེད་བཞིན་པའི་དུས་མཚམས་སུ་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་ཅིག་དཀར་མཛེས་གྲོང་ཁྱེར་རྫོང་དང་བྲག་འགོ་རྫོང་གཉིས་ཀྱི་བར་དུ་གནས་པའི་ཏུང་གོ་དུ་གནས་གཟིགས་དང་བལྟ་བསྐོར་འགྲོ་སྐབས་ས་གནས་ཀྱི་བོད་མི་མང་པོ་ལ་རྒྱང་སྲིང་ཉན་བྱེད་ཀྱི་སྒྲ་སྡུད་འཁོར་ལོ་ཆུང་ཆུང་མང་པོ་ཞིག་སྤྲད་ཡོད་པ་དང་གནད་དོན་དེ་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ཤེས་རྟོགས་བྱུང་མཚམས་སུ་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་དེལམ་སེང་དཀར་མཛེས་རྫོང་དུ་ཁྲིད་ནས་མགྲོན་ཁང་དུ་ཉིན་གྲངས་གསུམ་གྱི་རིང་བཀག་ཉར་བྱས་འདུག
ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་རུ་ཁག་དེ་སོ་སོའི་ཡུལ་དུ་ཕྱིར་ལོག་གནང་གྲུབ་ཡོད་ཀྱང་དཀར་མཛེས་དང་བྲག་འགོ་རྫོང་གཉིས་ཀྱི་དཔོན་རིགས་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་ཞིབ་འཇུག་བྱེད་བཞིན་པ་མ་ཟད་བོད་མི་རྣམས་ཀྱི་ལག་ནས་བཙན་དབང་གི་ཐོག་ནས་སྒྲ་སྡུད་འཁོར་ལོ་ཕྱིར་བསྡུ་བྱས་པ་དང་ད་དུང་ཕྱིར་སློག་མ་གནང་མཁན་རྣམས་ལ་ཉེན་བརྡ་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག།