རྒྱ་ནག་གཞུང་གིས་སྨར་ཁམས་ཁྱུང་འབུམ་ཀླུ་ར་དགོན་པའི་ནང་གྲྭ་བ་གསར་ཞུགས་མི་ཆོག་པའི་བཀག་བསྡོམས་བྱེད་བཞིན་ཡོད་འདུག

2024.01.01
རྒྱ་ནག་གཞུང་གིས་སྨར་ཁམས་ཁྱུང་འབུམ་ཀླུ་ར་དགོན་པའི་ནང་གྲྭ་བ་གསར་ཞུགས་མི་ཆོག་པའི་བཀག་བསྡོམས་བྱེད་བཞིན་ཡོད་འདུག སྨར་ཁམས་ཁྱུང་འབུམ་ཀླུ་ར་དགོན་པའི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་བོད་ཆབ་མདོའི་ས་ཁུལ་སྨར་ཁམས་རྫོང་ནང་ཆགས་པའི་དགེ་ལུགས་པའི་དགོན་པ་ཆེ་ཤོས་གྲས་ཁྱུང་འབུམ་ཀླུ་ར་དགོན་པའི་ནང་དགེ་འདུན་པ་གསར་བཞུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མུ་མཐུད་དམ་དྲག་བྱེད་མུས་ཡིན་འདུག ཕྱི་ལོ་ ༢༠༢༣ ལོའི་ནང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཆོས་ལུགས་དམ་དྲགས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ཆབ་སྲིད་སློབ་གསོ་ཤུགས་ཆེར་སྤེལ་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ཁྱུང་འབུམ་ཀླུ་ར་དགོན་པའི་ནང་། ནང་བསྟན་རྒྱ་སྒྱུར་ཞེས་པའི་ལས་གཞིའི་འོག་དགོན་པའི་ནང་གྲྭ་བ་གསར་ཞུགས་གཅིག་ཀྱང་མི་ཆོག་པའི་བཙན་བཀའ་དང་། དགོན་པའི་རྒྱུན་ལྡན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལ་གནོན་ཤུགས་དང་། སྲིད་གཞུང་གིས་གང་བཤད་ལ་བརྩི་སྲུང་མ་བྱས་ན་དགོན་པ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བྱེད་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ཁྱུང་འབུམ་ཀླུ་ར་དགོན་པའི་ནང་དུ། ས་གནས་སྲིད་གཞུང་ནས་དགོན་པའི་མགོ་ཁྲིད་ཟེར་བ་ཞིག་ཆེད་དུ་བསྐོ་བཞག་གིས་དགོན་པའི་ཆོས་ཕྱོགས་ཀྱི་ཞབས་རིམ་ལ་ལྟ་རྟོགས་དང་། ཁོ་ཚོས་བཀའ་བཀོད་ག་རེ་བཏང་བ་ཡིན་ན་ཉན་དགོས་པ་མ་ཟད། དགོན་པའི་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་དང་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་གཉིས་ལག་བསྟར་དགོས་པའི་བཀོད་ཁྱབ་དང་འབྲེལ། དགོན་པའི་ནང་གྲྭ་བ་གསར་བ་ཁྱོན་ནས་འཛུལ་ཞུགས་མི་ཆོག་པ། དགོན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་སྲིད་གཞུང་གི་བཀོད་ཁྱབ་བཞིན་སྒྲུབ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་བརྗོད་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས། ཡུལ་མི་ཚོས་མ་འོངས་པར་དགོན་པའི་ཆོས་ཕྱོགས་ཀྱི་ཞབས་རིམ་ཁག་ལ་བཀག་བསྡོམས་དང་། གྲྭ་རྒྱུན་གསར་ཞུགས་བྱེད་མ་བཅུག་ཚེ་དགོན་པ་ཉམས་ཆག་དང་། ཚེས་བཟང་དུས་བཟང་ལ་ཕྱག་མཆོད་འབུལ་བྱེད་ས་མེད་པ་མ་ཟད། ས་གནས་ཡུལ་མི་འདས་གྲོངས་ཕྱིན་པ་ཡིན་ནའང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྒྲུབ་མཁན་མེད་པ་འགྱུར་རྒྱུའི་འཇིགས་སྣང་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

སྨར་ཁམས་ཁྱུང་འབུམ་ཀླུ་ར་དགོན་པ་ནི་ཡུལ་ཕྱོགས་དེའི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་སྔོན་དགོན་པ་དེར་གྲྭ་བ་སུམ་བརྒྱ་ལྷག་ཡོད་འདུག་ལ། རྗེས་སུ་རྒྱ་ནག་གིས་ཆབ་མདོ་ས་ཁུལ་ནས་བོད་ལ་བཙན་འཛུལ་བྱེད་སྐབས། དགོན་པ་དེས་རྒྱ་ནག་གི་བཅིངས་གྲོལ་དམག་ལ་ལོ་ངོ་དྲུག་ལྷག་ལ་འཐབ་རྒོལ་བྱས་པས། རྒྱ་ནག་གི་དམག་མིས་དགོན་པ་རྩ་གཏོར་གྱིས་ཤུལ་དུ་མཆོད་རྟེན་གཅིག་ཙམ་ལས་ལྷག་མེད་ཀྱང་། རྗེས་སུ་ས་གནས་ཡུལ་མི་ཚོས་དགོན་པ་བསྐྱར་གསོ་བྱས་ཡོད་པ་དང་། ད་ལྟའི་ཆར་་དགོན་པ་དེའི་ནང་དགེ་འདུན་པ་བརྒྱད་བཅུ་གྱ་གྲངས་ཅམ་ཡོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎