བོད་དེ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་སྐོར།
2009.03.29
༄༅༎རྒྱ་ནག་གིས་ཕྱི་ཟླ་བཞི་པའི་ཚེས་ལྔ་ནས་བཟུང་བོད་དེ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་སྐོར་ཁ་ས་ཕྱི་དྲོ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་གསལ་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིག་འཁེལ་གྱི་ཡོད་སྟབས་བོད་ནང་བོད་མི་ཚོས་རྒྱ་གཞུང་ལ་བསྐྱར་དུ་ངོ་རྒོལ་བྱས་ཡོང་མཉམ་པའི་འཇིགས་སྣང་གིས་བོད་ས་ཡོངས་རྫོགས་ནང་རྒྱ་དམག་ཕོན་ཆེ་འགྲེམས་འ་ཇོག་དང་འབྲེལ་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མའི་ཐོག་དམ་བསྒྲགས་ཤུགས་ཆེ་དང་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱེད་མུས་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་འགན་འཛིན་བ་ཆུང་གིས་ཕྱི་ཟླ་བཞི་པའི་ཚེས་ལྔ་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་སྣེ་ལེན་འགོ་འཛུགས་བྱ་རྒྱུ་དང་ང་ཚོས་ཕྱིའི་འགྲུལ་པར་ཚོར་དགའ་བསུའི་ངང་ནས་སྣེ་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག
ཡང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་འགན་འཛིན་གྱིས་བོད་ནང་ད་ཆ་ཞི་བདེ་ལྷིང་འཇགས་ཡོད་པ་དང་ཉེན་ཁ་མེད་པའི་སྐོར་བརྗོད་དེ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྣེ་ལེན་བྱ་རྒྱུར་བོད་ནང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་དང་སྤྲོ་སེང་གཏོང་ཡུལ་དེ་བཞིན་མགྲོན་ཁང་ཚང་མ་གྲ་སྒྲིག་མཐུས་ཚང་ཡོད་པ་དང་བོད་ནང་ལྟ་སྐོར་ལ་ཡོང་མཁན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་པ་བརྒྱ་ལྷག་གིས་དེབ་བསྐྱེལ་བྱས་ཟིན་པའི་སྐོར་འགྲེལ་བརྗོད་བྱས་འདུག ཟླ་བ་འདིའི་འགོ་སྟོད་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་ཆོག་རྒྱུའི་ཨུ་ཚུགས་བྱེད་བཞིན་ཡོད་ནའང་ཕྱི་རྒྱལ་སྤྲོ་འཆམ་པ་འཁྲིད་མཁན་ཁེ་གཉེར་ལས་ཁང་ཁག་གིས་བོད་ནང་སུ་ཞིག་གཏོང་ཆོག་གི་མེད་སྐོར་བརྗོད་ནས་བོད་ནང་འགྲོ་འདོད་བྱེད་མཁན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་གིས་དངོས་འབྲེལ་གནས་སྟངས་ཇི་ཡིན་གསལ་པོ་ཤེས་རྟོག་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་རེད༎