བོད་དུ་ཀླུ་ཚང་དགོན་པའི་གྲ་བཞི་གློད་བཀྲོལ།
2010.12.28
༄༅༎ཕྱི་ལོ་༢༠༠༩་ལོའི་བོད་ཀྱི་ལོ་གསར་སྐབས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མང་ར་རྗོང་གི་ཀླུ་ཚང་དགོན་པའི་དགེ་འདུན་པ་བཞི་རྒྱ་ནག་གིས་གློད་བཀྲོལ་བཏང་བའི་གནས་ཚུལ་སྤེལ་འདུག་།
ཕྱི་ཚེས་༢༧ཉིན་ཕ་ཡུལ་དྲ་རྒྱས་གནས་ཚུལ་སྤེལ་དོན་ལྟར་ན་ བོད་ཀྱི་ཨ་མདོ་མཚོ་སྔོན་ས་ཁུལ་གྱི་མང་ར་རྗོང་གི་ནང་དུ་ཡོད་པའི་ཀླུ་ཚང་དགོན་པའི་དགེ་འདུན་པ་བཞི་གློད་བཀྲོལ་བཏང་ཡོད་པ་དང་ དགེ་འདུན་པ་བཞི་པོ་ནི་རང་ལོ་༢༣ཡིན་པ་སྐལ་བཟང་རྒྱ་མཚོ་ལགས་དང་ རང་ལོ་༢༦ཡིན་པ་བཟོད་པ་རྒྱ་མཚོ་ལགས་་ རང་ལོ་༢༤ཅན་ལུང་རྟོགས་རྒྱ་མཚོ་ལགས་དང་ ཡང་རང་ལོ་༢༡ཡིན་པ་བཟོད་པ་རྒྱ་མཚོ་ལགས་བཅས་ཡིན་པ་རེད་འདུག་།
ཁོང་བཞི་པོ་གྲོད་བཀྲོལ་གྱི་ཟླ་ཚེས་སོགས་གསལ་ཁ་བཏོན་མེད་ཀྱང་ཁོང་རྣམས་ནི་ཕྱི་ལོ་༢༠༠༩་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༥ཉིན་བོད་ཀྱི་ལོ་གསར་སྐབས་ཞི་བའི་ངོ་རྒོལ་གནང་མཉམ་ཞུགས་གནང་མཁན་གྲས་སུ་ཡིན་པ་བཀོད་འདུག་། འདི་ག་རླུང་འཕྲིན་ཁང་གིས་ཕྱི་ལོ་༢༠༠༩ལོའི་ཕྱི་ཚེས་༢༦ཉིན་གནས་ཚུལ་སྤེལ་བའི་ནང་ཀླུ་ཚང་དགོན་པའི་དགེ་འདུན་པ་བརྒྱ་ཙམ་གྱིས་བོད་ཀྱི་ལོ་གསར་གྱི་ཉིན་དང་པོར་ མང་ར་རྗོང་ཐོག་ཏུ་ཕྱག་ཏུ་མར་མེ་བསྣམས་ནས་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་ ཁོང་རྣམས་ཀྱིས་རྒྱ་ནག་གིས་བོད་ཀྱི་ན་གཞོན་རྣམས་ཀྱི་བསམ་བློ་དང་རེ་འདུན་ཤེས་དགོས་པ་སོགས་དོན་ཚན་བཞིའི་དགོས་འདུན་ཕུལ་ཡོད་པའི་སྐོར་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་ཅིང་། དེའི་རྗེས་དགེ་འདུན་པ་རྣམས་རྒྱ་ནག་གིས་བཀག་ཉར་བྱས་པ་དང་མཐར་གོང་ཞུས་དགེ་འདུན་བཞི་མུ་མཐུད་ནས་བཀག་ཉར་བྱས་ནས་གཞན་རྣམས་གློད་བཀྲོལ་བཏང་ཡོད་པ་རེད་། དེ་ནས་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་གསུམ་པའི་ནང་མང་ར་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ བོད་རིགས་དགེ་འདུན་པ་བཞི་ལ་ལོ་ངོ་གཉིས་ཀྱི་བཙོནའཇུག་གི་ཁྲིམས་ཐག་བཅད་པ་རེད་འདུག་། ད་ཆ་ཁོང་བཞི་པོ་གློད་བཀྲོལ་དུ་བཏང་ཡོད་ཀྱང་བཙོན་ཁང་ནང་ཡོད་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཉེས་རྔུང་གི་རྐྱེན་པས་ནད་གཅོང་བཟོས་ནས་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པ་ཤེས་རྟོགས་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་སྤེལ་འདུག་།