ཨ་མི་རི་ཀའི་སྐྱོན་བརྗོད་ལ་རྒྱ་ནག་གིས་ཁས་ལེན་མ་བྱས་པ།
2009.02.26
༄༅༎ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དེ་བཞིན་ཧ་ཅང་སྐྱོ་པོ་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་བ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་བཞག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ག་དུས་ཡིན་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་འདོད་ཡོད་ཀྱང་རྒྱལ་ཁྱབ་སུ་འདྲ་ཞིག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་མིང་ཐོག་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་ཡག་དེར་ངོ་རྒོལ་ཞུ་གི་ཡོད་ཅེས་བཤད་བཞག རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མ་ཀྲའོ་ཞུས་དང་ཤིན་ཧཡེ་གསར་འགྱུར་ལས་ཁང་གིས་མུ་མཐུད་ཨ་རིར་སྐྱོན་བརྗོད་ཞུས་པའི་ནང་ཨ་རིས་འདོན་སྤེལ་བྱས་པའི་སྙན་ཐོ་དེའི་ནང་འགན་འཁུར་མ་གནང་བའི་ཐོག་ནས་ཆོས་དང་མི་རིགས།ཁྲིམས་ལུགས་སོགས་ཀྱི་ཐོག་གཞི་རྩ་མེད་པའི་གནད་དོན་མང་པོ་ཞིག་བཀོད་ཡོད་པ་དང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ཡར་རྒྱས་བཏང་བ་རྣམས་ཆེད་མངགས་བཀོད་མེད་པའི་སྐྱོན་བརྗོད་བྱས་བཞག རྒྱ་ནག་གཞུང་གིས་ཡར་རྒྱས་ཞེས་པ་ནི་གཙོ་བོ་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པ་དེར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཨ་རིའི་སྙན་ཐོ་དེ་བཞིན་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་པའི་ཉིན་གསུམ་གྱི་རྗེས་སུ་འདོན་སྤེལ་གནང་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་རྒྱ་ནག་གི་དཔོན་རིགས་རྣམས་ལ་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ནན་པོ་མ་གསུང་པ་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཁག་གིས་ཁོང་ལ་སྐྱོན་བརྗོད་ཤུགས་ཆེ་ཞུས་ཡོད་པ་རེད།