རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་དེ་མུ་མཐུད་ཡོད་པ།
2009.06.11
༄༅༎རྒྱ་གར་གྱིས་ས་ཁོངས་ནང་རྒྱ་ནག་གི་མཐའ་དམག་མིས་སིམ་འཛུལ་བྱེད་ཀྱི་ཡོད་ལུགས་ཉེས་བཙུགས་བྱས་པ་དེར་རྒྱ་ནག་ཕྱོགས་ནས་ངོས་ལེན་བྱས་མི་འདུག
ཉེ་ཆར་རྒྱ་གར་གྱི་གསར་འགྱུར་ཁག་ཅིག་ནང་རྒྱ་གར་གྱི་ས་མཚམས་སུ་རྒྱ་མིའི་མཐའ་སྲུང་དམག་མིས་སིམ་འཛུལ་བྱས་པའི་གནས་ཚུལ་ཁ་ཤས་སྤེལ་ཡོད་ཀྱང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་མགྲིན་ཚབ་པ་ཆིང་ཀང་གིས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་གར་གྱི་སྐྱོན་བརྗོད་དེར་ང་ཚོས་ངོས་ལེན་བྱེད་ཐབས་མེད་ལ་རྒྱ་གར་ཕྱོགས་ནས་ཕྱོགས་གཉིས་པོའི་འབྲེལ་བར་གནོད་འཚེ་མི་འགྲོ་བའི་ཆེད་དུ་གནས་ཚུལ་དེ་གསལ་ཁ་པོ་བཟོ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་པ་རེད་ཅེས་དང་རྒྱལ་ཁབ་གཉིས་པོའི་དབུ་འཁྲིད་ཚོས་ཕྱོགས་གཉིས་ཀས་མོས་མཐུན་ཡོད་པའི་ངང་གནད་དོན་དེའི་ཐད་ལ་གྲོས་བསྡུར་གནང་ནས་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།
རྒྱ་དཀར་ནག་གཉིས་པོ་ས་མཚམས་ཀྱི་དཀའ་རྙོག་དེར་ལོ་བཞི་བཅུ་ལྷག་ཙམ་ཕྱིན་ཡོད་པ་དེར་ད་ཕན་གྲོས་མོལ་རིམ་པ་ཁ་ཤས་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་པའི་ཁར་ད་དུང་རྒྱ་གར་ཕྱོགས་ནས་རྒྱ་མིའི་དམག་མིས་ས་མཚམས་སུ་སིམ་འཛུལ་དང་དཔུང་དམག་རྒྱ་སྐྱེད་གཏོང་གི་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ཉེ་ཆར་རྒྱ་གར་ཕྱོགས་ནས་མཐའ་མཚམས་སུ་དམིགས་བསལ་གྱི་གཞུང་ལམ་བཟོས་པ་དང་མཐའ་སྲུང་དམག་མི་མང་དུ་གཏོང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།