རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསུ་ཐན་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུ་ཡིན་འདུག

2024.06.04
རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསུ་ཐན་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུ་ཡིན་འདུག ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་གྱི་རྒྱལ་ས་(Urumqi)་ཁུལ་གྱི་ལྕགས་ལམ་ས་ཚུགས། ༠༦།༠༣།༢༠༢༤
China Railway

རྒྱ་ནག་གཞུང་གིས་འབྱུང་འགྱུར་གྱི་ལོ་འགའ་ཤས་ནང་བོད་རང་སྐྱོང་ལྗོངས་ཟེར་བ་བོད་དང་། ཤར་ཏུར་ཀིསུ་ཐན་གཉིས་ཀྱི་མཐའ་མཚམས་ས་ཁུལ་བར་མེ་འཁོར་ལྕགས་ལམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ནི་གཙོ་བོ་ནུབ་ཕྱོགས་ཀྱི་ས་ཁུལ་དེ་དག་རྒྱ་ནག་གིས་སྟངས་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཐབས་ཆེད་ཡིན་ལུགས་རྒྱ་ནག་གི་མེ་འཁོར་ལྕགས་ལམ་འཆར་འགོད་དཔོན་རིགས་མཐོ་གྲས་ཤིག་གིས་བརྗོད་ཡོད་པ་དང་། རྒྱ་ནག་གི་མེ་འཁོར་ལྕགས་ལམ་གསར་རྒྱག་འཆར་འགོད་ལས་ཁང་གི་དཔོན་རིགས་མཐོ་གྲས་ལིའུ་ཝན་ཤིའན་(Liu Wenxian)་གྱིས། མེ་འཁོར་ལྕགས་ལམ་གྱི་བཟོ་བཀོད་འཆར་གཞི་ཁག་ཁུལ་དེར་ད་དུང་ཡང་ཡར་རྒྱས་ཚགས་ཚུད་དུ་གཏོང་དགོས་ངེས་ཡིན་པ་དང་། ནུབ་ཕྱོགས་མངའ་ཁུལ་ཁག་གི་ས་གནས་མང་པོའི་ནང་ད་དུང་ཡང་ཡར་རྒྱས་མ་ཕྱིན་པར་ལུས་ཡོད་སྟབས། བོད་དང་ཤིན་ཅང་ནང་འཛུལ་ཞུགས་བྱ་རྒྱུ་དང་འབྲེལ་བའི་ཐབས་ཇུས་ཀྱི་གལ་གནད་ཆ་ནས་ཡར་རྒྱས་གཏོང་དགོས་པ་འདུག་ཅེས་(The People’s Rail)་འམ་མི་དམངས་ཀྱི་མེ་འཁོར་ཟེར་བའི་རྒྱ་ནག་གཞུང་འབྲེལ་ཚགས་པར་གྱི་བཅར་འདྲིར་ལན་འདེབས་སྐབས་བརྗོད་འདུག་ལ། ད་དུང་རྒྱ་ནག་གི་ཐབས་བྱུས་གལ་ཆེན་དོན་ཆེན་ཨང་དང་པོ་དེ་ནི་མེ་འཁོར་ལྕགས་ལམ་གསར་བཟོ་དང་འབྲེལ་མཐུད་བྱ་རྒྱུ། དེ་དག་ནུས་པ་ཐོན་པའི་སྒོ་ནས་ལག་ལེན་དང་འགན་ལེན་བྱེད་དགོས་པ་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཐབས་ཇུས་གལ་ཆེ་རེད་ཅེས་དང་། རྒྱ་ནག་གིས་བོད་དང་ཤིན་ཅང་གཉིས་འབྲེལ་མཐུད་བྱེད་མ་ཐུབ་པའི་བར་སྟོང་ཁག་ཁ་སྐོང་བྱ་རྒྱུ་ཡིན་པ་དང་། དེ་ནི་རྒྱ་ནག་གི་ནུས་ཤུགས་དང་དངོས་ཟོག་འོར་འདྲེན་བྱ་རྒྱུའི་བདེ་འཇགས་འགན་ལེན་བྱ་རྒྱུའི་ཐོག་ནས་གལ་ཆེ་ཞིག་ཡིན་ཆགས་ཡོད་ཅེས་བརྗོད་འདུག
རྒྱ་ནག་གི་(Tsinghua)་གཙུག་ལག་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཐོག་ཞིབ་འཇུག་བྱེད་མཁན་ཞིག་གིས་བརྗོད་གཞི་འདི་ཚོར་བ་རྣོ་བའི་རྐྱེན་གྱིས་མིང་འབོད་མ་བྱས་པའི་ཐོག་ནས་བརྗོད་དོན་ལྟར་ན། ཤར་ཏུར་ཀིསུ་ཐན་ནི་རྒྱ་ནག་དང་ཡོ་རོབ་གཉིས་ཀྱི་བར་དངོས་ཟོག་དབོར་འདྲེན་བྱེད་སའི་རྒྱལ་སྒོ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག་ཅིང་། ལྷག་པར་བོད་ཀྱི་མདོ་དབུས་མཐོ་སྒང་ནི་རྒྱ་ནག་གིས་དབང་འཛིན་བྱས་པའི་ནུབ་ཕྱོགས་མངའ་ཁུལ་གྱི་ས་མཚམས་ཀྱི་བདེ་འཇགས་ཐད་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་འདུག
དེའི་ཐོག་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིསུ་ཐན་གྱི་ས་ཁུལ་འདི་གཉིས་ནང་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐད་བསྐྱར་གསོ་བྱས་པ་དང་། ད་ཆ་ས་ཁུལ་འདི་གཉིས་ནང་འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་བསྐྲུན་ལས་གཞི་ཁག་ཡར་རྒྱས་བཏང་སྟེ། མི་དང་མིའི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ་མ་ཟད། མངའ་ཁུལ་འདི་གཉིས་ཀྱི་དངོས་ཟོག་ཁག་རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་ཚོང་འགྲེམས་བྱེད་ཆོག་པ་བཟོ་རྒྱུ་ཡིན་ལུགས་དང་། དེ་ནི་དེ་སྔོན་ས་ཁུལ་འདི་གཉིས་རྒྱ་ནག་ནང་གཅིག་ཏུ་སྒྲིལ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཡིན་ལུགས་ཀྱང་བཤད་འདུག
འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིསུ་ཐན་ནང་མེ་འཁོར་ལྕགས་ལམ་གསར་བཟོ་དང་ཡར་རྒྱས་གོང་འཕེལ་གཏོང་བཞིན་པ་དེ་ནི་ད་དུང་བོད་མི་མང་དང་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་ལ་དྲག་གནོན་སྔར་བས་ཆེ་བ་བྱ་རྒྱུའི་ཐབས་ཇུས་ཤིག་ཡིན་པར་ངོས་འཛིན་དང་འགྲེལ་བརྗོད་བྱེད་མཁན་ཡོད་པ་རེད།།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎