རྒྱ་ནག་གིས་ཀཤི་མིར་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱས་པ།
2009.10.19
༄༅༎རྒྱ་ནག་གིས་བོད་ནང་གཞུང་འབྲེལ་གྱི་ཐོག་ནས་གདན་ཞུ་ཞུས་པའི་ཕྱི་རྒྱལ་གྱི་གསར་འགོད་པར་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ནང་རྩོད་རྙོག་ཡོད་པའི་ཀཤི་མིར་ས་ཁུལ་དེ་རྒྱ་གར་གྱི་ཆ་ཤས་མིན་པའི་སྐོར་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་གར་གྱི་གསར་ཤོག་ཧིན་རྡུ་སི་ཐན་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཕེབས་པའི་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་དང་ལྷག་དོན་དུ་གསར་འགོད་པ་རྣམས་ལ་བོད་ཀྱི་གཞི་རིམ་གནད་དོན་ཤེས་དགོས་པའི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ནང་བོད་དང་ས་འབྲེལ་ཡིན་པའི་ས་གནས་ཁག་གསུམ་དུ་དབྱེ་ནས་རྒྱ་གར་དང་བལ་ཡུལ་ འབར་མ་ ཀཤི་མིར་ས་ཁུལ་ཟེར་བའི་བརྗོད་བྱ་བཀོད་ནས་ཀཤི་མིར་ས་ཁུལ་དེ་རྒྱ་གར་ནས་ཟུར་དུ་ཡིན་པ་དང་ཀཤི་མིར་གྱི་ས་ཁུལ་མ་གཏོགས་དེ་མིན་ས་ཁུལ་གསུམ་སོ་སོའི་བདག་དབང་ཡོད་པའི་རྒྱལ་ཁབ་ཡིན་པའི་དྲིལ་བསྒྲགས་སྤེལ་ཡོད་པ་རེད་འདུག དེ་མ་ཟད་རྒྱ་གར་གྱི་ཕྱག་ཁྱེར་ཡོད་བཞིན་པའི་ཀཤི་མིར་ས་ཁུལ་གྱི་རྒྱ་གར་གྱི་མི་སེར་རྣམས་རྒྱ་ནག་ཏུ་འགྲོ་རྒྱུའི་ཐོངས་མཆན་མ་འདྲ་བ་སྤྲད་ནས་ཇ་མུ་དང་ཀཤི་མིར་ས་ཁུལ་དེ་རྩོད་རྙོག་ཡོད་བཞིན་པའི་ས་ཁུལ་འབུར་དུ་བཏོན་ཡོད་པ་རེད་འདུག དེ་བཞིན་བལ་ཡུལ་དང་འབར་མ་ རྒྱ་ནག་ནང་དུ་ཚོང་འགྲེམས་བྱེད་བཞིན་པའི་ས་ཀྲའི་ནང་ཀཤི་མིར་ས་ཁུལ་དེ་རྒྱ་གར་གྱི་ཆ་ཤས་མིན་པ་བཀོད་ཡོད་པ་རེད་འདུག།