ནད་ཡམས་ཁྱབ་གདལ་ཛ་དྲག་ཆེ་བའི་སྐབས་གསར་འགོད་པ་ཕྱིར་ཕུད་མི་བྱེད་རྒྱུའི་འབོད་སྐུལ།
2020.03.25
ཨ་མི་རི་ཀའི་གསར་ལས་ཁང་ཆེ་གྲས་གསུམ་གྱིས་རྒྱ་ནག་གཞུང་གིས་ཁོང་ཚོའི་གསར་འགོད་པ་རྒྱ་ནག་ནས་ཕྱིར་ཕུད་ཀྱི་ཐག་གཅོད་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་(AP)་གསར་ལས་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༢༤་གཟའ་མིག་དམར་ཉིན་དྲ་རྒྱ་བརྒྱུད་ཨ་རིའི་གསར་འགྱུར་ལས་ཁང་ཆེ་གྲས་ནེའུ་ཡོག་དུས་བབ་(New York Times)་དང། (Wall Street Journal) དེ་བཞིན་ཝ་ཤིན་ཀྲོན་ཕོ་ཉ་(Washington Post)་བཅས་གསུམ་གྱིས་ཡོངས་ཁྱབ་ཕྱི་བསྒྲགས་བྱས་ནས། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར། མི་རྣམས་ལ་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའི་ཁོར་ཡུག་བསྐྲུན་གལ་ཆེ་བས། དུས་སྐབས་འདི་འདྲ་ལ་རྒྱ་ནག་གཞུང་གིས་གསར་འགོད་པ་ཕྱིར་ཕུད་བྱེད་རྒྱུ་དེས་དངོས་ཡོད་གནས་སྟངས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་ཉེན་ཚབ་བཟོས་པ་ཞིག་ཡིན་པ་དང་། ལྷག་པར་བྱ་སྤྱོད་དེ་ནི་ཉེ་སྔོན་ཨ་མི་རི་ཀས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་ལྔ་ཡི་བྱ་སྤྱོད་ལ་བལྟོས་ནས། དེ་ཚོ་ནི་གསར་འགྱུར་གྱི་ལས་རིགས་སྤེལ་མཁན་མིན་པར་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་གྱི་ཚོགས་པར་ངོས་འཛིན་བྱས་ཐོག་གསར་འགོད་པ་ཉུང་འཕྲི་བྱས་པར་རྒོལ་ལན་སློག་ཆེད། ཨ་རིའི་གསར་འགོད་པ་རྒྱ་ནག་ནས་ཕྱིར་ཕུད་ཀྱི་ཐག་གཅོད་བྱས་བ་ཤིག་ཡིན་པ་དང་། ཨ་རི་དང་རྒྱ་ནག་གཞུང་བར་གྱི་ཕྱི་འབྲེལ་རྩོད་རྙོག་ནང་གསར་འགྱུར་ལས་རིགས་གནོད་འཚེ་ཕོག་ཡུལ་དུ་གྱུར་ཡོད་པ། ལྷག་པར་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་དུས་ཚོད་དཀའ་ངལ་ཅན་གྱི་སྐབས་དམངས་ཚོགས་ལ་གསར་འགྱུར་དང་གནས་ཚུལ་རང་དབང་ཐོག་ནས་ཐོབ་རྒྱུའི་དགོས་མཁོ་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ཐག་གཅོད་ཕྱིར་ཐེན་བྱ་དགོས་པའི་འབོད་སྐུལ་བྱས་འདུག
ཉེ་སྔོན་སྤྱི་ཟླ་གཉིས་པའི་ཚེས་༡༨་ཉིན་ཨ་མི་རི་ཀས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་དང་། གོ་ལའི་བརྙན་འཕྲིན་དྲ་བ། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་། རྒྱ་ནག་གི་ཉིན་རེའི་ཚགས་ཤོག མི་དམངས་ཉིན་རེའི་ཚགས་ཤོག་བཅས་གསར་ཁང་ལྔ་ཡི་བྱ་སྤྱོད་ལ་བལྟོས་ནས། ཁོང་ཚོས་ཨ་རིའི་ནང་གསར་འགྱུར་ལས་རིགས་སྤེལ་ཞོར་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་བཞིན་པར་ངོས་འཛིན་གྱིས་གསར་འགོད་པ་ཉུང་འཕྲི་ཐག་གཅོད་བྱས་ཡོད་པ་རེད། དེའི་རྗེས་གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་གོང་ཞུས་ཨ་རིའི་གསར་འགྱུར་ལས་ཁང་གསུམ་གྱི་རྒྱ་ནག་ནང་གནས་ཚུལ་བཀོད་སྤེལ་བྱེད་མཁན་གྱི་གསར་འགོད་པ་༡༠་ཡི་གསར་འགྱུར་འགོད་ཆོག་པའི་ཆོག་མཆན་ལག་འཁྱེར་ཕྱིར་བསྡུ་བྱས་ཡོད་པ་རེད།